ཤེལ་མ་སྒང་ཁ་སློབ་གྲྭ་ཆུང་བ།

ཤེལ་མ་སྒང་ཁ་སློབ་གྲྭ་ཆུང་བའི་ནང་ སློབ་ཕྲུག་ལངམ་མེདཔ་ལས་ མི་སེར་ཚུ་ལུ་ཚ་གྱང་།

༉ ཆུ་ཁ་རྫོང་ཁག་ ཤེལ་མ་སྒང་ཁ་སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་གིས་ སློབ་གྲྭའི་ཐོན་སྐྱེད་གསརཔ་ཚུ་ ལག་ལེན་འཐབ་སྟེ་ཡོདཔ་བཞིན་དུ་ སློབ་ཕྲུག་༣༠ ཤོང་ཚུགས་པའི་ ཁང་ཚན་༨ འབད་མི་ སྒྲིང་ཁྱིམ་གསརཔ་ཅིག་ རྐྱབ་སྟེ་ཡོདཔ་ཨིན་པས།

ད་ལས་ཕར་ སློབ་གྲྭ་དེ་ནང་ སློབ་ཕྲུག་༢༠༠ དེ་ཅིག་ འཛུལ་ཞུགས་འབད་ཚུགས་ནི་ཨིན་རུང་ མཐུན་རྐྱེན་གསརཔ་དེ་གིས་ སློབ་ཕྲུག་ཚུ་ལུ་ དེ་ཅིག་ར་ ཡིད་འཕྲོག་མ་ཚུགས་མི་ལུ་བརྟེན་ དུས་ཅི་ སློབ་དུས་ཕྱེད་ཀ་ལས་ སློབ་ཕྲུག་༥ ཐོན་ཡར་སོཔ་ཨིན་པས།དེ་འབདཝ་ལས་ ད་རེས་ སློབ་གྲྭ་དེ་ནང་ སློབ་ཕྲུག་༥༥ དེ་ཅིག་མ་གཏོགས་ མེདཔ་ཨིན་པས།སློབ་ཁང་ཅིག་ནང་ སློབ་དཔོན་ཅིག་གིས་ སློབ་ཕྲུག་༡༠ ལུ་ ཨིང་སྐད་སློབ་སྟོན་འབདཝ་ཨིན་རུང་ སློབ་ཕྲུག་ཚུ་ སློབ་རིམ་མ་འདྲཝ་ཚུ་ལས་ཨིན་མི་དེ་ཡང་ སློབ་ཁང་དེ་ མཉམ་བསྡོམས་ཐོག་ སློབ་སྟོན་འབད་མི་ལུ་བརྟེན་ཨིན་པས།

སློབ་ཕྲུག་༡༠ གྱི་གྲས་ལས་ སློབ་རིམ་༥ པའི་ནང་ དཔེ་ཆ་ལྷབ་མི་ སློབ་ཕྲུག་༤ ལས་བརྒལ་མེདཔ་ཨིན་པས།སྒང་ཁ་ལས་ སྐྱེས་ལོ་༡༢ ལང་མི་ ཚེ་རིང་ལྷ་འཛོམས་དེ་ སློབ་རིམ་༥ པའི་ནང་ བུམོ་མོ་ར་རྐྱངམ་གཅིག་ཨིནམ་ད་ མ་གཞི་ སློབ་ཁང་ནང་ ཆ་རོགས་བུམོ་གཞན་ཅིག་ སྡོདཡོད་རུང་ མོ་རའི་ཕམ་ཚུ་ གནས་སོར་འགྱོཝ་ད་ མོ་ཡང་ ཕམ་དང་གཅིག་ཁར་ ཁྱིད་ཡར་སོ་ཡི་ཟེར་ཨིན་པས།མོ་གིས་འབད་བ་ཅིན་ སློབ་གྲྭ་ནང ཆ་རོགས་ལེ་ཤ་ཡོད་པ་ཅིན་ སེམས་དགའ་ནི་མས་ཟེར་ཨིནམ་ད་ སློབ་གྲྭ་དེ་གི་ སློབ་རིམ་༢ པའི་ནང་ སློབ་ཕྲུག་༡༠ ཡོད་མི་དེ་ མཐོ་ཤོས་ཨིན་པས།ད་རེས་ ཉལ་ཁྲི་༡༥ འབད་མི་ ཉལ་ཁྱིམ་གསརཔ་ རྐྱབ་སྟེ་ཡོད་མིའི་ནང་ སློབ་ཕྲུག་༡༢༠ དེ་ཅིག་ ཤོང་ཚུགས་ནི་ཨིནམ་ད་ ཉལ་ཁྱིམ་ནང་ གོ་ལ་འཁྱུ་ནི་དང་ དྲོད་བཏགས་འཕྲུལ་ཆས་ བཙུགས་དེ་ཡོད་རུང་ དུས་ཅི་ སློབ་གྲྭ་ནང་ ནང་སྡོད་ཀྱི་ མཐུན་རྐྱེན་མེདཔ་ལས་ ལག་ལེན་འཐབ་མ་ཚུགས་པར་ ལུས་ཏེ་ཡོདཔ་ལས་ ས་གནས་ཀྱི་ མི་སེར་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།གཞུང་གིས་ དངུལ་ཀྲམ་ས་ཡ་༢.༥ ཟད་འགྲོ་བཏང་ཐོག་ལས་ སློབ་གྲྭའི་གཞི་རྟེན་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་མི་དེ་ ཆུད་ཟད་ཨིན་པས་ཟེར་ ཤེལ་མ་སྒང་ཁའི་ཚོགས་པ་ སྟག་གཟིག་གིས་ བཤད་པའི་ཁར་ སློབ་ཕྲུག་མངམ་འཛུལ་ཞུགས་འབད་ནིའི་དོན་ལུ་ ཐབས་ཤེས་མ་བཏོན་པ་ཅིན་ སང་ཕོད་ཀྱི་ སློབ་དུས་ནང་ སློབ་ཕྲུག་ག་དེ་སྦེ་འོང་ག་ཟེར་ མི་སེར་ཚུ་ ཚ་གྱང་ལང་སྟེ་ཡོད་ཟེར་ བཤདཔ་ཨིན་པས།

སློབ་རིམ་༢ པའི་ནང་ སློབ་ཕྲུག་༡༠ ཡོད་མི་དེ་ གྱངས་ཁ་མཐོ་ཤོས་ཨིན་པས།

འཆར་གཞི་དང་འཁྲིལ་བ་ཅིན་ ཤེལ་མ་སྒང་ཁ་སློབ་གྲྭ་ཆུང་བའི་ནང་ ནང་སྡོད་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་མི་དེ་ཡང་ པ་སྒ་སློབ་གྲྭ་ཆུང་བ་དང་ རིན་ཆེན་གླིང་སློབ་གྲྭ་ཆུང་བ་ དེ་ལས་ སློབ་གཉེར་ཁ་སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་ ཤེལ་མ་སྒང་ཁ་སློབ་གྲྭ་ཆུང་བའི་ནང་ ཤེས་ཡོན་སྦྱང་ནིའི་དོན་ལུ་ཨིན་རུང་ སློབ་ཕྲུག་ཕུད་རྡོག་གཅིག་ཡང་ འོང་མ་བཏུབ་པས་ཟེར་ ཚོགས་པ་གིས་ བཤདཔ་ཨིན་པས།སྟག་གཟིག་གིས་ པ་སྒ་དང་ རིན་ཆེན་གླིང་ སློབ་གཉེར་ཁའི་ མི་སེར་ཚུ་གིས་ རང་སོའི་ཨ་ལོ་ཚུ་ ཤེལ་མ་ཁ་སློབ་གྲྭ་ནང་ མ་བཏང་མི་དེ་ཡང་ ཁོང་རའི་གཡུས་ཁར་ཡོད་མི་ སློབ་གྲྭ་ཚུ་ སྒོ་བསྡམ་ནི་མས་ཟེར་ ཚ་གྱང་ཡོད་མི་ལུ་བརྟེན་ཨིན་མས་ཟེར་ བཤདཔ་ཨིན་པས།གནད་དོན་དེ་ རྒེད་འོག་ཚོགས་སྡེ་ནང་ཡང་ གྲོས་བསྟུན་འབད་ཡི་ཟེར་ཨིནམ་ད་ ཤེས་རིག་འགོ་དཔོན་ཚུ་གིས་ སློབ་གྲྭ་དེ་ནང་ ས་གནས་གཞན་ཁའི་ སློབ་ཕྲུག་ཚུ་འཚོལ་ཏེ་ འཛུལ་ཞུགས་འབད་བཅུག་ནི་ཨིནམ་སྦེ་ སླབ་དེས་ཟེར་ ཚོགས་པ་གིས་ བཤདཔ་ཨིན་པས།སློབ་གྲྭ་ཆུང་བ་༣ གྱི་ སློབ་ཕྲུག་ཚུ་ ཤེལ་མ་སྒང་ཁ་སློབ་གྲྭ་ནང་ མ་བཏང་པའི་སྐོར་ལས་ སྤྱི་ཟླ་༣ པའི་ནང་ ཆུ་ཁ་རྫོང་ཁག་ཚོགས་འདུ་ནང་ གསུང་གྲོས་གནངམ་ད་ ཤེས་རིག་འགོ་དཔོན་ཚུ་གིས་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།གནད་དོན་དེའི་སྐོར་ལས་ ཆུ་ཁ་རྫོང་ཁག་གི་ ཤེས་རིག་འགོ་དཔོན་དང་གཅིག་ཁར་ ཡོངས་འབྲེལ་ཐོག་ལས་ འབྲེལ་བ་འཐབ་པའི་སྐབས་ ག་ནི་ཡང་ སླབ་མ་བཏུབ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *