བརྡ་དོན་དང་ བརྒྱུད་འབྲེལ་བློན་པོ་ ཌི་ཨེན་ཌུ་ངལ།

ཤུལ་མའི་ཟླཝ་ནང་ལས་ ནང་འཁོད་གནམ་གྲུའི་ཞབས་ཏོག་ འགོ་བཙུགས་ནི།

ཡོན་ཕུ་ལ་དང་ དགེ་ལེགས་ཕུག་གི་ ནང་འཁོད་གནམ་གྲུའི་ ཞབས་ཏོག་དེ་ ཟླཝ་༡ གི་ཤུལ་ལས་ འགོ་བཙུགས་ནི་ཨིན་པས།

དེ་ཡང་ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་དང་ མི་སྡེའི་བརྡ་བརྒྱུདཔ་ཚུ་གི་བར་ན་ ཟླ་རིམ་ཞལ་འཛོམས་ཐེངས་༣༣ པ་ འཚོགས་པའི་སྐབས་ བརྡ་དོན་དང་ བརྒྱུད་འབྲེལ་བློན་པོ་ ཌེ་ཨེན་ཌུ་ངལ་གྱིས་ གསུངས་ཡི།

བློན་པོ་གིས་ འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ ཡོན་ཕུ་ལ་དང་ དགེ་ལེགས་ཕུག་གི་ ནང་འཁོད་གནམ་གྲུའི་ ཞབས་ཏོག་ འགོ་བཙུགས་ནིའི་སྐོར་ལས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་བརྒྱུད་དེ་ འབྲུག་གནམ་གྲུ་ལས་འཛིན་ལུ་ སྙན་ཞུ་འབད་ཡོདཔ་མ་ཚད་ གཞུང་གིས་ ཞབས་ཏོག་ལག་ལེན་གྱི་ ལྷན་ཐབས་མ་དངུལ་ གནང་ནི་ལུ་ཡང་ ངོས་ལེན་འབད་ཡི་ཟེར་ཨིན་པས།

ཞབས་ཏོག་ལག་ལེན་འཐབ་པའི་སྐབས་ གྱོང་རྒུད་ཕོག་ནི་ཨིན་མི་ཚུ་ གཞུང་གིས་ རྒུད་འཐུས་སྤྲོད་ནིའི་དོན་ལུ་ འབྲུག་རྒྱུ་ནོར་གཞི་བཟུང་དང་ འབྲུག་མཁའ་འགྲུལ་ལས་འཛིན་ལུ་ ལྷན་ཐབས་མ་དངུལ་གྱི་ གྲོས་འཆར་ཚུ་ བཙུགས་དགོཔ་སྦེ་ སླབ་ཅི་ཟེར་ བརྒྱུད་འབྲེལ་བློན་པོ་གིས་ བཤད་ཅི།

འབྲུག་མཁའ་འགྲུལ་གྱིས་ དངུལ་རྩིས་ལྷན་ཁག་ལུ་ གྲོས་འཆར་༣ བཙུགས་མི་ཚུ་ཡང་ རིན་གོང་ཡུ་ཨེས་ཌོ་ལར་ས་ཡ་༡༧ གནས་དོ་ཡོད་མི་ ཨེ་ཊེ་ཨར-༤༢ གནམ་གྲུ་ཅིག་ མཁོ་སྒྲུབ་འབད་ནི་དང་ འཕུར་འགྲུལ་ཤོ་ཐེངས་རེ་འབད་བའི་སྐབས་ གཞུང་གི་ལྷན་ཐབས་མ་དངུལ་ དངུལ་ཀྲམ་ས་ཡ་༠.༣༩༣ གནང་དགོ་པའི་ཁར་ གནམ་ཐང་༢ ནང་ འགོ་ཐོག་ཡིག་ཚང་གཞི་བཙུགས་འབད་ནི་ལུ་ ལྷན་ཐབས་མ་དངུལ་ དངུལ་ཀྲམ་ས་ཡ་༧.༦ གནང་དགོ་པའི་ གྲོས་འཆར་ཕུལ་ནུག་ཟེར་ཨིན་པས།

བློན་པོ་གིས་ གསུངས་མིའི་ནང་ དངུལ་རྩིས་ལྷན་ཁག་གིས་ གྲོས་འཆར་ཚུ་ བསྐྱར་ཞིབ་འབད་བའི་སྐབས་ འབྲུག་མཁའ་འགྲུལ་གྱིས་ དངུལ་ཀྲམ་ས་ཡ་༧.༦ གྲོས་འཆར་བཙུགས་མི་ལས་ གཞུང་གིས་ ཞབས་ཏོག་ལག་ལེན་གྱི་ ལྷན་ཐབས་མ་དངུལ་ འཕུར་འགྲུལ་གྱི་ ཞབས་ཏོག་རེ་ལུ་ དངུལ་ཀྲམ་ས་ཡ་༠.༣༠ དེ་རེ་ བྱིན་ནི་སྦེ་ ངོས་ལེན་འབད་ནུག་ཟེར་ཨིན་པས།

ནང་འཁོད་གནམ་གྲུའི་འཕུར་འགྲུལ་ ཤོ་ཐེངས་རེ་ཟེར་མི་དེ་ཡང་ སྤ་རོ་ལས་ དགེ་ལེགས་ཕུག་དང་ ཡོན་ཕུ་ལ་ དེ་ལས་ ཡོན་ཕུ་ལ་ལས་ དགེ་ལེགས་ཕུག་བརྒྱུད་དེ་ ལོག་སྤོ་རོ་ལུ་ འཕུར་འགྲུལ་འབད་མི་ལུ་སླབ་ནི་ཨིན་པས།

དེ་མ་ཚད་ ནང་འཁོད་གནམ་ཐང་༢ ནང་ ཡིག་ཚང་གཞི་བཙུགས་འབད་ནིའི་དོན་ལུ་ གཞུང་གིས་ ལྷན་ཐབས་མ་དངུལ་ དངུལ་ཀྲམ་ས་ཡ་༧.༦ གནང་ནི་ལུ་ ཆ་འཇོག་གྲུབ་ཡོད་རུང་ གནམ་གྲུ་མཁོ་སྒྲུབ་འབད་ནིའི་ གྲོས་འཆར་དེ་ ངོས་ལེན་འབད་མ་ཚུགས་ཟེར་ བརྒྱུད་འབྲེལ་བློན་པོ་གིས་བཤད་ཅི།

འབྲུག་མཁའ་འགྲུལ་ལུ་ ལྷན་ཐབས་མ་དངུལ་ ག་དེ་སྦེ་ བྱིན་ནི་ཨིན་ནའི་སྐོར་ དངུལ་རྩིས་ལྷན་ཁག་གིས་ ད་ལྟོ་ ལམ་ལུགས་ཚུ་ བཟོ་བའི་བསྒང་ཡོད་ཟེར་ཨིནམ་ད་ ལས་འཛིན་གྱིས་ ཞབས་ཏོག་འགོ་བཙུགས་ནི་དང་ གཞི་རྟེན་མཁོ་ཆས་གྲ་སྒྲིག་འབད་ནི་ལུ་ ཟླཝ་༡ གི་ དུས་ཚོད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།

བློན་པོ་གིས་ བཤད་མིའི་ནང་ ད་རེས་ཀྱི་ཟླ་མཇུག་ལུ་ དངུལ་རྩིས་ལྷན་ཁག་དང་ འབྲུག་རྒྱུ་ནོར་གཞི་བཟུང་གཉིས་ གྲོས་བསྟུན་འབད་ནིའི་ ལས་རིམ་ཡོད་ཟེར་ཨིན་པས།

སྤྱིར་བཏང་ གནམ་གྲུ་དེ་ནང་ འགྲུལ་པ་༤༢ ཀྱི་ ཤོང་ཚད་ཡོད་རུང་ གནམ་གྲུ་ཨེ་ཊི་ཨེར-༤༢ ཟེར་མིའི་ནང་ འགྲུལ་པ་༢༥ ལས་ལྷག་སྟེ་ འབག་མི་ཆོག་ཟེར་ བརྒྱུད་འབྲེལ་བློན་པོ་ ཌེ་ཨེན་ཌུ་ངལ་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *