༉ དབང་འདུས་ཕོ་བྲང་ལུ་ བཟའ་ཚང་གཅིག་གིས་ སྤྱི་ཟླ་༦ པའི་ཚེས་༡༠ ལུ་ ཤིང་འབྲས་ཨ་པའི་མགུ་ཏོ་ ཟ་བའི་ཤུལ་ལས་ དྲན་མེད་ཐལ་སོཔ་ལས་ བ་འཇོ་སྨན་ཁང་ནང་ བསྐྱལ་ཡོདཔ་བཞིན་དུ་ ད་ལྟོ་ གནས་སྟངས་དུམ་གྲ་ཅིག་ དྲག་དོ་ཡོདཔ་ཨིན་པས།
བ་འཇོ་སྨན་ཁང་གི་ གསོ་བའི་གཙོ་འཛིན་འགོ་དཔོན་ ཌོག་ཊར་རྡོ་རྗེ་གིས་ བཤད་མི་དང་འཁྲིལཝ་ད་ མ་གཞི་ ན་ཚ་དེ་ ཨ་པའི་མགུ་ཏོ་ཟ་བའི་ཤུལ་ལས་ བྱུང་ནུག་ཟེར་ཨིན་པས།
བཟའ་ཚང་ནང་མི་༥ ཡོད་ས་ལས་ ཨའི་དེ་ དེ་ཚེ་ཕུན་ཚོགས་གླིང་ལུ་ སོང་བའི་ཤུལ་ལུ་ ཁྱིམ་ནང་ ཨ་པ་དང་བུམོ་ བུམོ་གི་རྨགཔ་ དེ་ལས་ ཁོ་རའི་ཨ་ལོ་རྨས་སྐྱེས་བརྩིསཝ་ད་ ཁོང་༤ གིས་ ཨ་པའི་མགུ་ཏོ་ཕྱེད་ཀ་ཟ་མའི ལྷག་ལུས་དེ་ དེ་གི་ནངས་པར་ བཟའཝ་ད་ ཁ་ལས་སྐྱུགས་ ཨ་བ་བཤལ་ཏེ་ དྲན་མེད་ཐལ་སོངཔ་ཨིན་པས།
གནད་དོན་དེ་ཡང་ ཁོང་གི་ཨའི་གིས་ ཕུན་ཚོགས་གླིང་ལུ་ལྷོདཔ་ད་ བཟའ་ཚང་ནང་མི་ཚུ་ལུ་ འགྲུལ་འཕྲིན་བཏང་པའི་སྐབས་ ག་གིས་ཡང་འཐུ་ནི་མེད་པར་ ཁྱིམ་ཚང་ཅིག་ བལྟ་བར་བཏངམ་ད་ ག་ར་དྲན་མེད་སྦེ་ སྡོད་སར་མཐོངམ་ལས་ ཁོང་གིས་སྦེ་ སྨན་ཁང་ནང་བསྐྱལ་ནུག།
བ་འཇོ་སྨན་ཁང་གི་ ཌོག་ཊར་ཆོས་ཉིད་དབང་མོ་གིས་ བཤད་མིའི་ནང་ དེ་ཚེ་ ཁོང་སྨན་ཁང་ནང་ འབག་འོང་པའི་སྐབས་ ག་ར་ ཁ་ལས་སྐྱུགས་ ཨ་བ་བཤལ་མི་ལུ་བརྟེན་ གཟུགས་ཁར་ཆུ་རྫོགས་ཏེ་ ཚབས་ཆེན་སྦེ་ འབག་འོང་ཡོདཔ་མ་ཚད་ ཨ་ལོ་རྨས་སྐྱེས་ཀྱི་ཨའི་དེ་ མཁལ་རྡོག་ལུ་ཡང་ གནོད་སྐྱོན་དུམ་གྲ་ཅིག་ བྱུང་ནུག་ཟེར་ཨིན་པས།
ཨིན་རུང་ སྨན་བཅོས་ཚུ་ དུས་ཚོད་ཁར་ འབད་ཚུགས་མི་དེ་གིས་ ད་ལྟོ་ གནས་སྟངས་དྲག་པའི་བསྒང་ཡོད་ཟེར་ཨིན་པས།
ཁོང་གིས་ཟ་མི་ ཨ་པའི་མགུ་ཏོ་གི་ དཔེ་ཚད་དང་ ཁ་ལས་སྐྱུགས་མི་ དཔེ་ཚད་ཚུ་ ཐིམ་ཕུག་རྒྱལ་གཞུང་ནད་གཞི་བཀག་འཛིན་ལྟེ་བ་ལུ་ བཏང་ཡོད་རུང་ ད་ལྟོ་ གྲུབ་འབྲས་སྙན་ཞུ་ མ་ལྷོད་ཟེར་ཨིན་པས།
ཌོག་ཊར་གྱིས་འབད་བ་ཅིན་ ཁོང་གིས་ འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་ལུ་ཡང་ སྙན་ཞུ་འབད་ཡོད་རུང་ ཁ་གསལ་སྦེ་ བརྟག་དཔྱད་འབད་ནིའི་ འཕྲུལ་ཆས་མེདཔ་ལས་ ག་ཅི་ཡང་ འབད་མ་ཚུགས་ཟེར་ཨིན་པས།
མ་གཞི་ ཤིང་འབྲས་ཟ་མི་ལུ་བརྟེན་ དེ་བཟུམ་མའི་ ན་ཚ་བྱུངམ་ད་ མི་ལ་ལོ་ཅིག་གིས་ རྒྱ་གར་ལུ་ཐོན་མི་ ནི་པཱ་ནད་འབུབ་ཨིནམ་སྦེ་ སླབ་དོ་ཡོད་རུང་ ཌོག་ཊར་རྡོ་རྗེ་གིས་འབད་བ་ཅིན་ ན་ཚ་བྱུང་མི་ཚུ་ ནད་གཞི་ཡོད་སའི་ ས་གནས་ནང་ལས་ འོང་མི་དང་ ཡང་ཅིན་ ནད་གཞི་ཡོད་སའི་ས་གནས་ནང་ལས་ འོང་མི་དང་གཅིག་ཁར་ འབྲེལ་བ་འཐབ་པའི་ཤུལ་ལུ་ ན་ཚ་འབྱུང་པ་ཅིན་མ་གཏོགས་ དེ་སྦེ་ར་ མི་འཐོབ་ཟེར་ཨིན་པས།
དེ་འབདཝ་ལས་ སྨན་ཁང་གི་དོགས་པ་ལས་འབད་བ་ཅིན་ བཞེས་སྒོ་རྙིངམ་ཐལ་ཐལཝ་ བཟའ་བའི་ཤུལ་ལུ་ ན་ཚ་ཐོབ་ཡོད་པའི་ དོགས་པ་བསྐྱེདཔ་ཨིན་པས།
ཨིན་རུང་ ད་ལྟོ་ནདཔ་ཚུ་ བ་འཇོ་སྨན་ཁང་ནང་ར་ ཨེན་ཊི་བ་ཡོ་ཊིག་ཚུ་བྱིན་ཏེ་ ལྟ་རྟོག་འབད་བའི་བསྒང་ ཡོདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།