དུམ་སེལ་སྒང་ལུ་ འགོ་དང་པ་འཛུགས་སྐྱོང་འབད་མི་ ལི་ཅི་ཤིང་༢།

ཤིང་འབྲས་ལི་ཅི་དང་ ཨམ་ཅུ་ཀུ་ལི་ འཛུགས་སྐྱོང་འབད་ནི་ལུ་ སེམས་ཤུགས།

༉ སྒོམ་ཀྲུ་ལས་ འཁོར་ལམ་རྩུབ་དྲགས་བདའ་སྟེ་ ཀི་ལོ་མི་ཊར་༡༥ དེ་ཅིག་ སྣུམ་འཁོར་བདའ་འགྱོཝ་ད་ སྐྱིད་ཉམས་ཅན་དང་ ས་ཕྱོགས་གཞན་མཐོང་གསལ་ཆེ་བའི་ སྒང་གི་སྤྱི་ཏོ་གུ་ ཆགས་ཡོད་མི་ དུམ་སེལ་སྒང་སྤྱི་འོག་དེ་ནང་ ལྷོདཔ་ཨིན་པས།
དེ་སྦེ་ལྟཝ་ད་ སྤྱི་འོག་དེ་ རི་མགོ་ལུ་ ཆགས་ནི་དེ་གིས་ གནམ་གཤིས་གནས་སྟངས་ཡང་ གྱང་བསིལ་ཡོདཔ་བཟུམ་སྦེ་ མཐོངམ་ཨིན་རུང་ ཚ་དྲོད་དང་ལྡནམ་སྦེ་ཡོདཔ་ལས་ ཤིང་འབྲས་ཀྱི་རིགས་ ག་ཅི་ར་ འཛུགས་སྐྱོང་འབད་རུང་ འཚོ་ནི་གི་ འོས་འབབ་ཡོདཔ་ཨིན་པས།
དེ་འབདཝ་ད་ ས་གནས་ཀྱི་ མི་སེར་ཚུ་ དངུལ་ཐོག་འཛུགས་སྐྱོང་འབད་ནི་ལུ་ གོམས་སྦྱང་མ་ཚུདཔ་ལས་ ཤིང་འབྲས་ལི་ཅི་དང་ ཨམ་ཅུ་ཀུ་ལི་ལ་སོགས་པའི་ ཤིང་ཐོག་ལྡུམ་ར་ ལོགས་སུ་སྦེ་ བཟོ་བཟོཝ་མེདཔ་ཨིན་པས།
ད་ལྟོ་ སྤྱི་འོག་དེ་ནང་ ཤིང་འབྲས་ཟེར་རུང་ ལི་ཅི་ཤིང་གསུམ་མ་གཏོགས་ མེདཔ་ཨིན་རུང་ ལོ་ངོ་དག་པ་ཅིག་གི་རྒྱབ་ལས་ སོ་ནམ་པ་ཚུ་གིས་ ལི་ཅི་དང་ ཨམ་ཅུ་ཀུ་ལིའི་ དོག་མ་ཚུ་ བཏོག་ནི་གི་ གོ་སྐབས་འཐོབ་ནི་ཨིནམ་ལས་ གནས་སྟངས་བསྒྱུར་བཅོས་འགྱོ་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༦ པའི་ནང་ སྒོམ་ཀྲུ་རྒེད་འོག་ རང་བཞིན་སླར་འབྱུང་ཐོན་སྐྱེད་སྡེ་ཚན་གྱིས་ ལི་ཅི་དང་ ཨམ་ཅུ་ཀུ་ལིའི་ལྕང་སོན་ཚུ་ སོ་ནམ་པ་ཚུ་ལུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།


ཤིང་འབྲས་ཀྱི་ ཐོན་སྐྱེད་ལེགས་ཤོམ་འོང་ནི་གི་ རེ་བ་བསྐྱེད་མི་༡ སོ་ནམ་པ་ བཱལ་བྷ་དུར་རའི་ཨིནམ་ད་ ཁོ་གིས་ ད་རེས་འགོ་དང་པ་ ས་ཆ་ཨེ་ཀར་༡ ནང་ ཤིང་ཐོག་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོད་མི་དེ་ཡང་ ས་ཞིང་ཌིསི་༥༠ འབད་མིའི་ནང་ ལི་ཅི་ཤིང་༤༩ དང་ ས་ཞིང་ཌིསི་༥༠ ནང་ ཨམ་ཅུ་ཀུ་ལི་ལྕངམ་༤༧ བཙུགས་ནུག།
དུམ་སེལ་སྒང་གི་ མི་སེར་ཚུ་གིས་ སྤྱི་འོག་དེ་ནང་ ཤིང་ཐོག་ཚུ་ འཛུགས་སྐྱོང་འབད་ནི་ལུ་ གནམ་གཤིས་གནས་སྟངས་ འོས་འབབ་དང་ ལྡན་ཏོག་ཏོ་མེདཔ་སྦེ་ མནོ་སྡོད་ཡོད་རུང་ འདས་པའི་ཟླཝ་ནང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ འགོ་དཔོན་ཚུ་གིས་ གཡུས་ཚན་དེ་ནང་ ལི་ཅི་ཤིང་རྒསཔ་༢ ལས་ དོག་མ་བཏགས་ཏེ་ ཚོང་འབྲེལ་འཐབ་མི་ལུ་ གཞི་བཞག་སྟེ་ གྲོང་གསེབ་མི་སེར་ཚུ་ལུ་ སེམས་ཤུགས་བསྐྱེདཔ་ད་ སྤྲོ་བ་ལེན་ཡོདཔ་ཨིན་པས།
གཡུས་ཚན་དེ་ནང་ མི་ལོ་༥༠ ལྷགཔ་ཅིག་ལང་མི་ ལི་ཅི་ཤིང་རྒསཔ་༢ ཡོད་མི་དེ་ ཧར་ཀ་བྷ་དུར་རའི་གི་ བཟའ་ཚང་གི་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ལི་ཅི་ལྕངམ་༥༠ འཛུགས་སྐྱོང་འབད་མི་ལས་༢ རྐྱངམ་གཅིག་ སྐྱེས་བཏུབ་ཅི་ཟེར་ཨིན་པས།
དུས་ཅི་ ཤིང་དེ་གཉིས་ལས་ དོག་མ་ཚུ་བཏོག་སྟེ་བཙོངམ་ད་ དངུལ་ཀྲམ་༡༠,༠༠༠ ཐོབ་ཅི་ཟེར་ ཧར་ཀ་བྷ་དུར་གྱི་མནའམ་ དེསི་མ་ཡ་ལིམ་བུ་གིས་ བཤད་པའི་ཁར་ ད་རེས་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱིས་ བགོ་བཀྲམ་འབད་མི་ ལི་ཅི་དང་ ཨམ་ཅུ་ཀུ་ལིའི་ ལྕང་སོན་༣ རེ་ བཙུགས་ཡོདཔ་མ་ཚད་ ལྕངམ་དག་པ་ཅིག་ ཁོང་ར་གིས་ཉོ་སྟེ་ འཛུགས་སྐྱོང་འབད་ཡི་ཟེར་ཨིན་པས།
ད་རེས་ནངས་པར་ དུམ་སེལ་སྒང་རི་མགོ་གཡུས་ཚན་ནང་སྡོད་མི་ ཁྱིམ་གུང་༤༥ ལྷགཔ་ཅིག་ཡོད་རུང་ མི་སེར་མང་ཤོས་ཅིག་གིས་ ལི་ཅིའི་ལྕང་སོན་འཛུགས་སྐྱོང་འབད་ནི་གི་ གདམ་ཁ་རྐྱབ་ཡོདཔ་ཨིན་པས།
སྒོམ་ཀྲུ་རྒེད་འོག་གི་ སོ་ནམ་རྒྱ་བསྐྱེད་འགོ་དཔོན་ སུར་ཇ་བྷ་དུར་རའི་གིས་ སླབ་མིའི་ནང་ ཨམ་ཅུ་ཀུ་ལིའི་ལྕང་སོན་ཚུ་ སོ་ནམ་ཞིང་པ་ཕུད་རྡོག་གཅིག་ལུ་ རྐྱངམ་གཅིག་ བགོ་བཀྲམ་འབད་ཡི་ཟེར་ཨིནམ་ད་ ལི་ཅིའི་ལྕང་སོན་༦༢༥ དེ་ཅིག་ སོ་ནམ་པ་ཚུ་ལུ་ བགོ་བཀྲམ་འབད་ཡོད་པའི་གནས་ཚུལ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *