༉ ཤིང་མཁར་-སྒོར་གཱན་གྱི་ ཕྲང་ལམ་སེལ་ནིའི་དོན་ལས་ མཐའ་འཁོར་གནས་སྟངས་ཀྱི་ ཕན་གནོད་བརྟག་ཞིབ་སྙན་ཞུ་ནང་ ཁ་གསལ་མེདཔ་ལས་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ ཞབས་ཏོག་ལྷན་ཁག་ལུ་ བརྟག་ཞིབ་ནན་བསྐྱར་འབད་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།
དེ་ཡང་ ཞབས་ཏོག་ལྷན་ཁག་གིས་ མཐའ་འཁོར་གནས་སྟངས་ཀྱི་ ཕན་གནོད་བརྟག་ཞིབ་སྙན་ཞུ་དེ་ སྤྱི་ལོ་༢༠༡༡ དང་༢༠༡༢ དེ་ཅིག་ཁར་ བཟོ་ཡོདཔ་བཞིན་དུ་ ད་ཚུན་གྱི་བར་ན་ བསྐྱར་ཞིབ་དང་ དུས་མཐུན་མ་འབད་མི་ལུ་བརྟེན་ཨིན་པས།
ལྷན་ཚོགས་ཀྱི་དྲུང་ཆེན་ བཙན་སྐྱོགས་ནོར་བུ་གིས་ སླབ་མིའི་ནང་ བརྟག་ཞིབ་སྙན་ཞུ་གི་ ཡིག་ཆ་དེ་ བསྐྱར་ཞིབ་འབད་བ་ཅིན་ ཤིང་མཁར་-སྒོར་གཱན་གྱི་ ཕྲང་ལམ་སེལ་ནིའི་སྐོར་ ཁ་གསལ་བརྟག་ཞིབ་འབད་དགོཔ་འོང་ཟེར་ཨིནམ་ད་ དཔེར་ན་ ཕྲང་ལམ་དེ་ རྒྱ་མཚོའི་གནས་ཚད་ལས་ མཐོ་ཚད་མི་ཊར་༤,༠༠༠ དེ་ཅིག་གི་ ས་ཁ་ལས་ སེལ་དགོཔ་མ་ཚད་ སའི་ཆགས་ཚུལ་དང་ ཁྱད་རྣམ་ཚུ་ གྱེན་སྦེ་ཡོད་རུང་ སྙན་ཞུ་ནང་ དེའི་སྐོར་ལས་ བཀོད་དེ་མིན་འདུག་ཟེར་ཨིན་པས།
སའི་ཆགས་ཚུལ་གྱི་ གནས་སྡུད་ནང་ ཁ་གསལ་མེད་པའི་ཁར་ སྙན་ཞུ་དེ་ནང་ བབ་ལ་ཐང་གི་ གནས་སྡུད་ཚུ་ ལག་ལེན་འཐབ་ཡོདཔ་ད་ བབ་ལ་ཐང་དེ་ རྒྱ་མཚོའི་གནས་ཚད་ལས་ ཐོག་ཚད་མི་ཊར་༢,༠༠༠ དེ་ཅིག་ཡོདཔ་ལས་ ཤིང་མཁར་དང་ དོ་མཉམ་འབད་མི་བཏུབ་འོང་ཟེར་ བཙན་སྐྱོགས་ནོར་བུ་གིས་ བཤདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ས་ཆ་རིག་པའི་ བརྟག་ཞིབ་དང་ གནམ་གཤིས་གནས་སྟངས་ཀྱི་ གནས་སྡུད་ལ་ལོ་ཅིག་ ལེགས་ཤོམ་སྦེ་ བརྟག་ཞིབ་མ་འབདཝ་ལས་ བྱ་བའི་གནད་སྤྱོད་དང་འཁྲིལ་ བརྡ་དོན་ཚུ་ ཁ་གསལ་མ་བཀོད་པས་ཟེར་ཨིན་པས།
ད་ལྟོའི་གཞུང་གིས་ སྐུལ་བསྒྲགས་སྐབས་ ཤིང་མཁར་-སྒོར་གཱན་ཕྲང་ལམ་སེལ་ནི་གི་ ཁས་བླངས་འབད་ཡོདཔ་ཨིན་རུང་ འཆར་གཞི་༡༡ པའི་ནང་ སེལ་ཐབས་མི་འབྱུང་ནི་ཨིན་པས།
ལྷན་ཚོགས་ཀྱིས་ མཐའ་འཁོར་གནས་སྟངས་ཀྱི་ ཉོགས་མེད་ལག་ཁྱེར་ག་ཅི་ལུ་བརྟེན་ མ་བྱིནམ་ཨིན་ན་ ཞབས་ཏོག་ལྷན་ཁག་ལུ་ ཡི་གུ་ཅིག་ཡང་ བཏང་ཡོདཔ་བཞིན་དུ་ སྙན་ཞུའི་ནང་ ཁ་གསལ་ཚངམ་སྦེ་མེདཔ་ལས་ བསྐྱར་ཞིབ་འབད་མ་ཚུགས་ཟེར་ དྲུང་ཆེན་བཙན་སྐྱོགས་ནོར་བུ་གིས་ བཤདཔ་ཨིན་པས།
འཁོར་ལམ་དེ་ སྲུང་སྐྱོབ་ཀྱི་ ས་ཁོངས་ནང་ ཚུད་དོ་ཡོདཔ་ལས་ མཐའ་འཁོར་གནས་སྟངས་ཀྱི་ ཕན་གནོད་བརྟག་ཞིབ་སྙན་ཞུ་ནང་ གནས་སྡུད་ཁག་ཆེ་ཏོག་ཏོ་ཚུ་ ཚུད་དགོཔ་ཨིན་རུང་ ད་རེས་ ལྷན་ཚོགས་ཀྱིས་ ཁ་གསལ་ག་ར་གསལ་བཀོད་འབད་ཡོད་པའི་ སྙན་ཞུ་ཚུ་ དགོ་འདོད་བཀོདཔ་ཨིན་པས།
དེ་གི་ཤུལ་ལས་རྐྱངམ་གཅིག་ སྙན་ཞུ་དེ་ བརྟག་ཞིབ་འབད་ཐོག་ལས་ མཐའ་འཁོར་གནས་སྟངས་ཀྱི་ ཉོགས་མེད་གནང་བ་ བྱིན་མི་བྱིན་ བལྟ་དགོཔ་འོང་ཟེར་ དྲུང་ཆེན་གྱིས་ བཤདཔ་ཨིན་པས།
ཞབས་ཏོག་ལྷན་ཁག་གིས་ སྙན་ཞུ་དང་ ནགས་ཚལ་ཉོགས་མེད་ལག་ཁྱེར་དང་འཁྲིལ་ཏེ་ ངོས་ལེན་འབད་དགོ་པའི་ ཞུ་བ་འབད་ཡོད་རུང་ ནགས་ཚལ་ཉོགས་མེད་ལག་ཁྱེར་རྐྱངམ་གཅིག་ལུ་ གཞི་བཞག་ཐོག་ལས་ གནང་བ་བྱིན་ནི་མེདཔ་ལས་ ལྷན་ཚོགས་ཀྱིས་ གནང་བ་བྱིན་ནི་ལུ་ བྱ་སྒོའི་ལམ་ལུགས་ སོ་སོར་ཡོདཔ་ཨིན་པས།
ཉོགས་མེད་ལག་ཁྱེར་ནང་ སྲུང་སྐྱོབ་ཀྱི་ ས་ཁོངས་དང་ ཤིང་སྣ་ སྲོག་ཆགས་ཚུ་ལུ་ གནོད་ཉེན་མ་གཏོགས་ རང་བཞིན་གནས་སྟངས་ཀྱི་ ཕན་གནོད་སྐོར་ལས་ ག་ནི་ཡང་ ཁ་གསལ་བཀོད་དེ་མིན་འདུག་ཟེར་ཨིན་པས།
མཐའ་འཁོར་གནས་སྟངས་ཀྱི་ ཕན་གནོད་བརྟག་ཞིབ་སྙན་ཞུ་ནང་ སྲུང་སྐྱོབ་ས་ཁོངས་གཙོ་ཅན་སྦེ་ འཁོད་དེ་ཡོད་རུང་ ནགས་ཚལ་ཉོགས་མེད་ལག་ཁྱེར་ བྱིན་མི་དེ་གིས་ མི་མང་ལུ་ མགུ་འཐོམ་བྱུང་ནུག་ཟེར་ཨིནམ་ད་ སྙན་ཞུ་དེ་གིས་ ལྷན་ཚོགས་ཀྱི་ དགོས་མཁོ་སྒྲུབ་མི་ཚུགས་པའི་ཁར་ ཉོགས་མེད་གནང་བ་བྱིན་ནིའི་ ལམ་ལུགས་དེ་ ག་ར་ལུ་གཅིག་མཚུངས་སྦེ་ ལག་ལེན་འཐབ་དགོཔ་འོང་ཟེར་ ལྷན་ཚོགས་ཀྱི་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
ལྷན་ཚོགས་ཀྱིས་འབད་བ་ཅིན་ ད་ལྟོའི་ སྙན་ཞུ་ཚུ་ བརྡ་དོན་མང་ཤོས་ར་ ཡིག་ཚང་ནང་ སྡོད་ཐོག་ལས་ གསལ་བཀོད་འབད་དེ་འདུག་ཟེར་ཨིནམ་ད་ གནས་སྡུད་གཙོ་ཅན་ནང་ གནམ་བྱཱར་དགུན་གྱི་ སྙན་ཞུ་དགོཔ་ཨིན་རུང་ དེ་གི་སྐོར་ལས་ བཀོད་དེ་མེདཔ་ལས་ གནམ་བྱཱར་ལུ ཤིང་མཁར་-སྒོར་གཱན་བར་ནའི་ ལམ་གྱི་གནས་སྟངས་ཚུ་ ག་དེ་སྦེ་འགྱོ་འོང་ག་ ཤེས་མི་ཚུགས་ཟེར་ཨིན་པས།
དྲུང་ཆེན་གྱིས་འབད་བ་ཅིན་ ད་ལྟོའི་སྙན་ཞུ་ནང་ གནམ་དགུན་གྱི་ དུས་ཚོད་གཅིག་ལུ་ གཞི་བཞག་ཐོག་ལས་ བརྟག་ཞིབ་འབད་དེ་ཡོདཔ་ལས་ ལྷན་ཁག་ལུ་ ཁ་གསལ་གྱི་ གནས་སྡུད་གཙོ་ཅན་ཚུ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིནམ་ད་ ད་རེས་ ཤིང་འཁར་སྒོར་གཱན་གྱི་ ཕྲང་ལམ་དེ་ དང་ཕུའི་མི་ལམ་བརྒྱུད་དེ་ དཔག་ཚད་བཀལ་ནུག་ཟེར་ཨིན་པས།
ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱི་མདོ་ཆེན་ ཕན་ཏོ་ཚེ་རིང་གིས་ ལམ་སེལ་ནིའི་དོན་ལུ་ སྟབས་མ་བདེཝ་མེད་པའི་ཁར་ ཁོང་གི་ འགན་ཁུར་དེ་ ནགས་ཚལ་གྱི་ ཉོགས་མེད་ལག་ཁྱེར་བྱིན་ནི་རྐྱངམ་གཅིག་ཨིན་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དང་ཕུའི་མི་ལམ་དང་ རྩྭ་འབྲོག་ཚུ་ཡོད་མི་ ཤིང་མཁར་-སྒོར་གཱན་གྱི་ ཕྲང་ལམ་སེལ་ནི་ལུ་ ཁོང་གི་ ཧོངས་ལས་ ཉོགས་བཤད་མེད་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་ཐེངས་༨༤ པའི་ནང་ཡང་ ཤིང་མཁར་-སྒོར་གཱན་ཕྲང་ལམ་སེལ་ནིའི་སྐོར་ལས་ གསུང་གྲོས་གནང་སྟེ་ ལམ་གྱི་དཔག་ཚད་ ལོག་འབད་དགོཔ་སྦེ་ གྲོས་ཐག་བཅད་ནུག།
ན་ཧིང་ སྤྱི་ཟླ་༦ པའི་ནང་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཟླ་རིམ་ཞལ་འཛོམས་ འཚོགས་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ ཤིང་མཁར་-སྒོར་གཱན་གྱི་ ཕྲང་ལམ་ཀི་ལོ་མི་ཊར་བསྡོམས་༣༧.༨ ཡོད་མིའི་གྲས་ལས་ ཀི་ལོ་མི་ཊར་༡༨ རྐྱངམ་གཅིག་ གླིང་ཁའི་ས་ཁོངས་གཙོ་ཅན་ནང་ ཚུདཔ་མས་ཟེར་ བཤད་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ལྷུན་རྩེ་རྫོང་ཁག་ཚོགས་འདུ་ཐེངས་༣ པའི་ནང་ ད་ལྟོའི་གཞུང་སྐྱོང་གི་ གནས་ཡུན་མ་ཚངམ་ལས་ ཕྲང་ལམ་སེལ་ནིའི་ ལཱ་འགོ་བཙུགས་དགོཔ་སྦེ་ གྲོས་ཆོད་བཏོན་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།