༉ ད་ལྟོའི་ གཞུང་སྐྱོང་གི་ གནས་ཡུན་མ་ཚངམ་ལས་ ཤིང་མཁར་-སྒོར་གཱན་བར་ནའི་ ཕྲང་ལམ་སེལ་ནིའི་ ལཱ་འགོ་བཙུགས་དགོཔ་དང་ སྒོར་གཱན་ལས་ རྒེད་འོག་གི་བར་ན་ ལམ་རྩི་ནག་གཏང་དགོ་པའི་ གྲོས་འཆར་དེ་ འབྲེལ་ཡོད་ལྷན་ཁག་ལུ་ ཕུལ་ནི་སྦེ་ གྲོས་ཆོད་བཏོན་ཡི།
དེ་ཡང་ ཁ་ཙ་ ལྷུན་རྩེ་རྫོང་ཁག་ཚོགས་འདུ་ཐེངས་༣ པ་འཚོགས་པའི་སྐབས་ སྨད་ཚོ་རྒེད་འོག་གིས་ ཤིང་མཁར་-སྒོར་གཱན་ཕྲང་ལམ་སེལ་ནིའི་ གྲོས་གཞི་གུ་ གསུང་གྲོས་གནང་པའི་ཤུལ་ལས་ ཐག་བཅད་ཅི།
རྒཔོ་མགོན་པོ་གིས་ ཞུ་མིའི་ནང་ སོ་ནམ་བློན་པོ་ལུ་ གཞུང་ལམ་དེ་གི་སྐོར་ ལོ་རྒྱུས་དྲི་པའི་སྐབས་ འཕྲལ་མགྱོགས་ར་ སེལ་ནི་སྦེ་ གསུངས་ཡོད་རུང་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེའི་ནང་ གསུང་གྲོས་གནང་མི་ལུ་ལྟཝ་ད་ ལམ་སེལ་ནིའི་དོན་ལུ་ ད་ལྟོའི་བར་ན་ཡང་ ཉོགས་མེད་ལག་ཁྱེར་ཐོབ་མ་ཚུགས་པའི་ ལོ་རྒྱུས་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ལྷུན་རྩེ་རྫོང་ཁག་གི་ མི་སེར་དང་ ཞི་གཡོགཔ་ཚུ་ སེམས་ཕམ་བྱུང་ཡི་ཟེར་ཨིནམ་ད་ ཕྲང་ལམ་སེལ་ནི་དེ་ ལོ་ངོ་བཅུ་ཕྲག་གི་ ལོ་རྒྱུས་ཨིནམ་ལས་ ད་ལྟོའི་བར་ན་ཡང་ ལཱ་འགོ་བཙུགས་མ་ཚུགས་མི་ལུ་ སེམས་ཕམ་སྦོམ་ བྱུང་སྟེ་ཡོད་ཟེར་ཨིན་པས།
ལམ་ལྷོད་འོང་མནོ་སྟེ་ སྨད་ཚོ་རྒེད་འོག་གི་ མི་སེར་ཚུ་གི་ བཟའ་སྤྱོད་འབད་བཏུབ་པའི་ ས་ཞིང་ལེ་ཤ་ཅིག་ར་ མེདཔ་བཏང་ཡོད་རུང་ ལམ་སེལ་ནི་མེདཔ་ལས་ ས་ཞིང་མེདཔ་ཐལ་མི་ཚུ་ ལེགས་བཅོས་འབད་ནི་ཨིན་ན་ ཡང་ཅིན་ ཚབ་སྤྲོད་ནི་ཨིན་ན་ ཐག་བཏོག་ནི་གི་ དུས་ཚོད་ན་འཐན་རན་ཡོད་ཟེར་ རྒཔོ་མགོན་པོ་གིས་ཞུ་ཡི།
རྒཔོ་གིས་འབད་བ་ཅིན་ བླམ་ཨིན་པ་ཅིན་ དབང་ཞུ་རུང་བའི་ སྟོབས་དང་ནུས་པ་དགོ་ནི་དང་ མཆོད་རྟེན་འབད་བ་ཅིན་ སྐོར་ར་རྐྱབ་བཏུབ་ཅིག་ དེ་ལས་ དམངས་གཙོའི་རིང་ལུགས་ཀྱི་ གཞུང་སྐྱོང་ཚོགས་པ་ འབད་བ་ཅིན་ མི་སེར་ཚུ་གིས་ བློ་གཏད་དང་ ཡིད་ཆེས་བསྐྱེད་ཚུགསཔ་ཅིག་དགོ་པས་ཟེར་ཨིན་པས།
རྒེད་འོག་གཞན་ཚུ་ནང་ ལམ་རྩི་ནག་བཏང་ཚར་ཏེ་ གོང་འཕེལ་ཐལཝ་ད་ སྨད་ཚོ་རྒེད་འོག་དེ་ རྒྱབ་ཁར་ལུས་དོ་ཟེར་ཨིནམ་ད་ སྒོར་གཱན་དང་ སི་ལི་སྦིས་རྒེད་འོག་གི་ ཟུར་ལམ་དེ་ རྩི་ནག་མ་བཏང་པར་ དེ་སྦེ་ར་ ལུས་ནིའི་ཉེན་ཁ་ཡོདཔ་བཞིན་དུ་ གཞུང་གི་དམིགས་ཡུལ་དང་ ཁས་བླངས་ཡང་ རྒེད་འོག་ལྟེ་བ་ཚུན་ རྩི་ནག་གཏང་ནི་དེ་ཨིནམ་ལས་ གཞུང་གི་གནས་ཡུན་ ནང་འཁོད་ནང་ར་ ཁས་བླངས་འགྲུབ་གནང་དགོ་ཟེར་ཞུ་ཡི།
རྒྱ་རས་རྒེད་འོག་གི་དམངས་མི་ ཀུན་བཟང་ལ་གིས་ ཞུ་མིའི་ནང་ རང་བཞིན་གནས་སྟངས་ཀྱི་ ཁ་ཐུག་ལས་ ལམ་སེལ་གྱི་ ཉོགས་མེད་གནང་བ་ བྱིན་མ་བཏུབ་མི་དེ་ རི་དྭགས་སེམས་ཅན་ལུ་ གནོད་ཉེན་ལུ་ཡོད་མི་ལུ་བརྟེན་ཨིན་པ་ཅིན་ སེམས་ཅན་དང་ མི་སེར་ག་ཁ་ཆེ་ནི་ཨིན་ན་ གདམ་ཁ་འབད་དགོ་པའི་ དུས་ཚོད་རན་ཡི་ཟེར་ཨིན་པས།
དབུལ་ཕོངས་ཀྱི་ དཀའ་ངལ་སེལ་ནི་དང་ འཆར་གཞི་གོང་འཕེལ་ལས་སྣ་ཚུ་གི་དོན་ལུ་ འཁོར་ལམ་དེ་ མེད་ཐབས་མེདཔ་ཅིག་ཨིནམ་ལས་ གཞུང་གིས་ ཕྱག་ལཱ་གནང་ནི་རན་ཡི་ཟེར་ དམངས་མི་གིས་ ཞུཝ་མ་ཚད་ རྒེད་འོག་ནང་ ཞལ་འཛོམས་འཚོགསཔ་ད་ མི་སེར་ཚུ་གིས་ བཙག་འཐུ་ལས་གྲུབ་པའི་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ ཚགས་ཁར་མ་ཚུད་པའི་ ལོ་རྒྱུས་བཤད་ནི་འདུག་ཟེར་ ཞུ་ཡི།
རྫོང་ཁག་ལམ་སེལ་བཟོ་རིག་འགོ་དཔོན་ དགའ་ལེགས་ཀྱིས་ ལམ་སེལ་མ་ཚུགས་པའི་ དཀའ་ངལ་གཙོ་བོ་ར་ རང་བཞིན་གནས་སྟངས་དང་ ཁྲུམ་ཤིང་ལ་ནགས་ཚལ་གླིང་འཛིན་ཡིག་ཚང་གིས་ ཉོགས་མེད་ཡི་གུ་བྱིན་མ་བཏུབ་མི་ལུ་བརྟེན་ཨིན་ཟེར་ ཞུ་ཡོད་པའི་གནས་ཚུལ།
ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།