༉ བུམ་ཐང་དང་ ལྷུན་རྩེ་བར་ན་ མཐུད་སྦྲེལ་འབད་ནི་ཨིན་མི་ ཤིང་མཁར་དང་ སྒོར་གཱན་གྱི་ ཕྲང་ལམ་དེ་ ནམ་ལས་འགོ་བཙུགས་ཏེ་ སེལ་ནི་ཨིན་ན་ ད་ལྟོ་ཡང་ གཏན་འཁེལ་མེདཔ་ད་ ན་ཧིང་ གཞུང་གིས་ ལམ་སེལ་ནིའི་ལཱ་དེ་ འཕྲལ་ར་ འགོ་བཙུགས་ནི་ཨིན་ཟེར་ སླབ་ནི་དེ་གིས་ མི་སེར་ཚུ་ རེ་བ་སྦོམ་ར་ བསྐྱེད་ཡོདཔ་ཨིན་པས།
གནད་དོན་དེའི་སྐོར་ལས་ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་ནང་ དྲི་བཀོད་ཐོག་ལས་ གསུང་གྲོས་གནང་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ གསལ་ཞུ་འབད་མིའི་ནང་ ལམ་སེལ་ལཱ་ འགོ་བཙུགས་མ་ཚུགས་མི་དེ་ཡང་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ལས་ ཉོགས་མེད་ལག་ཁྱེར་ ཐོབ་མ་ཚུགས་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཤིང་མཁར་སྒོར་གཱན་གྱི་ ཟུར་ལམ་སེལ་ནིའི་སྐོར་ལས་ སྤྱི་ལོ་༡༩༩༧ ལུ་ རྒྱལ་ཡོངས་ཚོགས་འདུ་ ཐེངས་༧༥ པའི་ནང་ གྲོས་ཆད་བཏོན་ཡོདཔ་མ་ཚད་ འདས་པའི་གཞུང་དང་ ད་ལྟོའི་ གཞུང་གིས་ཡང་ ལམ་སེལ་ནིའི་ འཆར་གཞི་བརྩམས་མི་དེ་ དུས་ཅི་འབདཝ་ད་ ལོ་ངོ་༢༠ དེ་ཅིག་ ལང་རུང་ ལཱ་འགོ་བཙུགས་མ་ཚུགས་པས།
ཞབས་ཏོག་བློན་པོ་རྡོ་རྗེ་ཆོས་སྒྲོན་གྱིས་ གསལ་ཞུ་འབད་མིའི་ནང་ ད་ལྟོའི་ གཞུང་གི་སྐབས་ལུ་ ལཱ་འགོ་བཙུགས་མ་ཚུགས་མི་དེ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ ཉོགས་མེད་ལག་ཁྱེར་ བྱིན་ནིའི་དོན་ལུ་ བརྟག་ཞིབ་འབད་བའི་སྐབས་ ཕྲང་ལམ་དེ་ ཁྲུམ་ཤིང་ལ་གླིང་ཁ་ལྟེ་བ་བརྒྱུད་དེ་ སེལ་དགོཔ་འཐོན་ནི་མས་ཟེར་ སྙན་ཞུ་ནང་འཁོད་མི་ལུ་བརྟེན་ རྒྱལ་ཡོངས་རང་བཞིན་མཐའ་འཁོར་ལྷན་ཚོགས་ཀྱིས་ ཉོགས་མེད་ལག་ཁྱེར་ བྱིན་མ་བཏུབ་ཟེར་ཨིན་པས།
རང་བཞིན་གནས་སྟངས་ཀྱི་ ལམ་ལུགས་དང་འཁྲིལ་བ་ཅིན་ གླིང་ཁ་ལྟེ་བའི་ས་ཁོངས་ནང་ལས་ ལམ་སེལ་མ་ཆོགཔ་ཨིན་པས།
ཞབས་ཏོག་ལྷན་ཁག་གིས་ ལམ་སེལ་ལཱ་ འགོ་བཙུགས་ནིའི་དོན་ལུ་ ས་གནས་ཀྱི་ མི་སེར་ཚུ་ལས་ ཉོགས་མེད་ལག་ཁྱེར་ ཐོབ་པའི་ཤུལ་ལུ་ སོ་ནམ་ལྷན་ཁག་གིས་ བུམ་ཐང་ལུ་ཡོད་པའི་ ཨྱོན་དབང་ཕྱུག་རང་བཞིན་སྤེལ་ཁང་གིས་ ཞིབ་དཔྱད་འབད་མིའི་ སྙན་ཞུ་ལུ་ གཞི་བཞག་སྟེ་ ཉོགས་མེད་ལག་ཁྱེར་ཐོབ་མི་ཚུ་ མཐའ་འཁོར་གནས་སྟངས་ལྷན་ཚོགས་ལུ་ བཙུགས་མི་དེ་ལུ་ ལྷན་ཚོགས་ཀྱིས་ ངོས་ལེན་མེདཔ་ཨིན་པས།
ཞབས་ཏོག་བློན་པོ་གིས་འབད་བ་ཅིན་ ལྷན་ཚོགས་ཀྱིས་ ངོས་ལེན་འབད་མ་བཏུབ་མི་དེ་ཡང་ སོ་ནམ་ལྷན་ཁག་གིས་ ཧེ་མ་ བརྟག་ཞིབ་འབད་མི་ སྙན་ཞུའི་ནང་ ཕྲང་ལམ་དེ་ གླིང་ཁ་ལྟེ་བའི་ས་ཁོངས་ནང་ ཚུདཔ་མས་ཟེར་མི་དེ་ལུ་ གཞི་བཞགཔ་མས་ཟེར་ཨིནམ་ད་ མ་གཞི་ བརྟག་ཞིབ་ཐེངས་༢ པའི་ སྙན་ཞུ་ནང་འབད་བ་ཅིན་ ཟུར་ལམ་དེ་ གླིང་ཁའི་ས་ཁོངས་ནང་ མི་ཚུད་ཟེར་ཞུ་ཡི།
ཨིན་རུང་ ལྷན་ཚོགས་ཀྱིས་འབད་བ་ཅིན་ སོ་ནམ་ལྷན་ཁག་གི་ སྙན་ཞུ་དེ་ ཁ་གསལ་མེདཔ་ལས་ ད་རུང་ རང་བཞིན་གནས་སྟངས་ལུ་ གནོད་སྐྱོན་ཡོད་མེད་ཀྱི་ བརྟག་ཞིབ་རྒྱས་པར་ འབད་དགོཔ་སྦེ་ཡོད་མི་དེ་ གླིང་ཁའི་ས་ཁོངས་ནང་ མ་ཚུདཔ་སྦེ་འཐོན་པ་ཅིན་ ལྷན་ཚོགས་ལས་ ཉོགས་མེད་ལག་ཁྱེར་ འཐོབ་ནི་ཨིན་པས།
དེ་མ་ཚད་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ཡང་ གླིང་ཁ་ལྟེ་བའི་ས་ཁོངས་ནང་ ས་འཇལ་བའི་བསྒང་ཡོདཔ་ལས་ སྙན་ཞུ་དེ་ ཐོབ་པའི་སྐབས་ ཟུར་ལམ་དེ་ གླིང་ཁའི་ས་ཁོངས་ནང་ཚུད་མི་ཚུད་ ཁ་གསལ་སྦེ་ ཤེས་ནིའི་གོ་སྐབས་ཡོད་ཟེར་ བློན་པོ་གིས་ གསལ་ཞུ་འབད་ཡི།
ཞབས་ཏོག་བློན་པོ་གིས་འབད་བ་ཅིན་ མ་གཞི་ གཞུང་གི་ཧོངས་ལས་ ལམ་སེལ་ལཱ་ འགོ་བཙུགས་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༤༦༥ གྲ་སྒྲིག་འབད་ཡོདཔ་ལས་ ཉོགས་མེད་ལག་ཁྱེར་དེ་ར་ འཐོབ་པ་ཅིན་ ལཱ་དེ་ འགོ་བཙུགས་ཆོགཔ་སྦེ་ཡོད་ཟེར་ཨིན་པས།
ཤིང་མཁར་སྒོར་གཱན་གྱི་ ཕྲང་ལམ་མཐུད་སྦྲེལ་འབད་བ་ཅིན་ བུམ་ཐང་ཆུ་སྨད་ལས་བརྒྱུད་དེ་ ལྷུན་རྩེ་ ཨའུ་མཚོ་ཚུན་ ཐད་ཀར་དུ་ ལྷོད་ཚུགས་ནི་ཨིནམ་ལས་ མོང་སྒར་ སེང་སྒོར་དང་ གླིང་མེད་ཐང་བརྒྱུད་དེ་ འགྲོ་འགྲུལ་འབད་དགོཔ་ མི་འཐོན་ནི་ཨིན་པས།
ཀི་ལོ་མི་ཊར་༥༦ འབད་མི་ ཟུར་ལམ་དེ་ ཀི་ལོ་མི་ཊར་ཐེབས་༣༦ སེལ་དགོཔ་མེདཔ་བཞིན་དུ་ ཀི་ལོ་མི་ཊར་༢༠ རྒྱ་བསྐྱེད་འབད་ནི་ རྐྱངམ་གཅིག་ལས་བརྒལ་ མེདཔ་ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།