འབྲུག་གི་དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ པདྨ་ན་དིག་དང་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ཚད་ཀྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ བསོན་ནམས་དབང་ཕྱུག།

ཤིང་བཙུགས་ནི་གི་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ ཁ་ཙ་ འབྲུག་གི་དངུལ་ཁང་གི་ ཡིག་ཚང་ལྟེ་བའི་ནང་ལུ་སྦེ་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ཚད་དང་ འབྲུག་དངུལ་གཉིས་ཀྱི་བར་ན་ ཤིང་བཙུགས་ནིའི་ཐད་ཁར་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཅི།
འབྲུག་གི་དངུལ་ཁང་ཡིག་ཚང་ གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་དང་འབྲེལ་ཏེ་ འབྲུག་གི་དངུལ་ཁང་གིས་ ཐིམ་ཕུག་སྡེབ་སི་ལུ་ ས་ཆ་ཧེག་ཊར་༢ ནང་ མ་དངུལ་དངུལ་ཀྲམ་༤༤༣,༢༩༥ རྒྱབ་སྐྱོར་གནང་ཐོག་ལས་ ཤིང་འཛུགས་སྐྱོང་འབད་ནི་ཨིན་པས།
ཁ་ཙ་ འབྲུག་གི་དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ པདྨ་ན་དིག་གིས་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ཚད་ཀྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ བསོན་ནམས་དབང་ཕྱུག་ལུ་ ཤིང་འཛུགས་སྐྱོང་འབད་ནི་གི་ མ་དངུལ་ཚུ་ཡང་ དངུལ་འཛིན་ཅེཀ་གི་ཐོག་ལས་ རྩིས་སྤྲོད་འབད་ཡི།
གོ་བརྡའི་ཆིངས་ཡིག་དེ་ ལོ་༥ འི་དོན་ལུ་ཨིནམ་ད་ ཤིང་འཛུགས་སྐྱོང་འབད་བའི་ ཉིནམ་ལས་འགོ་བཙུགས་ཏེ་ ཤིང་བདག་འཛིན་འཐབ་ནི་དང་ འཛིན་སྐྱོང་འཐབ་ནི་ཚུ་ རང་བཞིན་ཐོན་སྐྱེད་གོངའཕེལ་ལས་འཛིན་ཚད་ཀྱིས་ འབད་ནི་ཨིན་པས།
འབྲུག་གི་དངུལ་ཁང་གིས་ ཤིང་འཛུགས་སྐྱོང་འཐབ་ནིའི་ ལས་རིམ་དེ་ ད་རེས་འགོ་དང་པ་མེན་པར་ ན་ཧིང་གི་ལོ་ནང་ཡང་ ཐིམ་ཕུག་སངས་རྒྱས་སྒང་ལུ་ ནགས་ཚལ་མེ་གིས་འཚིགས་སའི་ས་ཁོངས་ནང་ ས་ཆ་ཧེག་ཊར་༤ ནང་ ཤིང་གི་ལྕངམ་༣༥,༢༠༠ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དུས་ཅི་ ཤིང་འཛུགས་སྐྱོང་འབད་ནི་དེ་ཡང་ བདུན་ཕྲག་འདི་གི་ རེས་གཟའ་ཟླ་བ་ལུ་འབད་ནི་ཨིནམ་ལས་ དེ་ནང་ འབྲུག་གི་དངུལ་ཁང་གི་ ལས་བྱེདཔ་ཚུ་གིས་ཡང་ བཅའ་མར་གཏོགས་ནི་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *