གསོག་མཛོད་ཁང་ནང་བཞག་མི་ ཤིང་ལྡུམ་ཚུ།

ཤིང་ཆས་ཀྱི་མཁོ་འདོད་ ཡར་སེང་སོང་མི་ལུ་བརྟེན་ གསོག་འཇོག་ནགས་ཚལ་ལུ་ འབྱེམ་ཕོག་སྟེ་ཡོདཔ།

༉ རྒྱལ་ཁབ་ནང་ བཟོ་སྐྲུན་འབད་མིའི་གྱངས་ཁ་ ཡར་སེང་སོང་མི་དང་བསྟུན་ འདས་པའི་ལོ་ཚུ་ནང་ ནགས་ཚལ་ལས་ཁུངས་ཀྱིས་ ཐོ་བཀོད་འབད་མི་དང་འཁྲིལཝ་ད་ རྒྱལ་ཁམས་ཀྱི་ནགས་ཚལ་ལུ་ ཤིང་ཆས་མཁོ་འདོད་བཀོད་མི་ལུ་བརྟེན་ འབྱེམ་ཤུགས་སྦེ་ར་ ཕོག་སྟེ་ཡོད་ཟེར་ཨིན་པས།
འཆར་གཞི་༡༡ པའི་ནང་ ལོ་བསྟར་བཞིན་དུ་ དཔྱ་སྙོམས་ལུ་ ཤིང་ཆས་ཀིའུ་བིཀ་ཕུཊ་ས་ཡ་༡༠.༨༩ བཀྲམ་སྤེལ་འབད་མི་ལས་ ཀིའུ་བིཀ་ཕུཊ་ས་ཡ་༧.༨༨ རྒྱལ་ཁམས་ཀྱི་ གསོག་འཇོག་ནགས་ཚལ་ལས་ཨིན་པས།
ཀིའུ་བིཀ་ཕུཊ་༢.༢༩ དེ་ ནགས་ཚལ་འཛིན་སྐྱོང་སྡེ་ཕྲན་དང་ ཀིའུ་བིཀ་ཕུཊ་༠.༡༧ དེ་ རི་དྭགས་སྲུང་སྐྱོབས་ས་ཁོངས་ནང་ལས་ ཀིའུ་བིཀ་ཕུཊ་༠.༡༡ མི་སྡེ་ནགས་ཚལ་ལས་ ཀིའུ་བིཀ་ཕུཊ་༠.༠༣ སྒེར་གྱི་ནགས་ཚལ་དང་ ཀིའུ་བིཀ་ཕུཊ་༠.༤༢ སྒེར་གྱིས་ ཐོ་བཀོད་འབད་མི་ ནགས་ཚལ་ཚུ་ནང་ལས་ བཀྲམ་སྤེལ་འབད་དེ་ཡོདཔ་ཨིན་པས།
གནས་སྡུད་དེ་ཡང་ ནགས་ཚལ་ལས་ཁུངས་དང་ རང་བཞིན་སླར་འབྱུང་གོང་འཕེལ་ལས་འཛིན་ཚད་ཀྱིས་ བཀྲམ་སྤེལ་འབད་མི་ཚུ་རྩིས་ཏེ་ཨིན་པས།
བཀྲམ་སྤེལ་འབད་མིའི་གྲས་ལས་ ལོ་བསྟར་བཞིན་དུ་ གྲོང་གསེབ་ནང་བཟོ་སྐྲུན་འབད་ནིའི་དོན་ལུ་ ཀིའུ་བིཀ་ཕུཊ་ས་ཡ་༤.༢༦ བཀྲམ་སྤེལ་འབད་མི་དེ་ མཐོ་ཤོས་ཨིནམ་ད་ ཐབ་ཤིང་གི་དོན་ལུ་ ཀིའུ་བིཀ་ཕུཊ་ས་ཡ་༢.༣༥ དེ་ལས་ ཁྲོམ་སྡེ་ནང་བཟོ་སྐྲུན་དོན་ལུ་ཀིའུ་བིཀ་ཕུཊ་༢.༢༨ རྫོང་གཞིས་དང་ལྷ་ཁང་ དེ་ལས་ གཞན་ཆོས་འབྲེལ་གྱི་དོན་ལུ་ ཀིའུ་བིཀ་ཕུཊ་༠.༤ བཀྲམ་སྤེལ་འབད་ཡོདཔ་ད་ ད་རུང་ ཀིའུ་བིཀ་ཕུཊ་༠.༡༣ དེ་ དར་ཤིང་དང་ རཝ་རྐྱབ་ནིའི་དོན་ལུ་ དེ་ལས་ ཀིའུ་བིཀ་ཕུཊ་༡.༡༤ གཞན་གྱི་དོན་ལུ་ ལག་ལེན་འཐབ་ཡོདཔ་ཨིན་པས།
ས་ཁོངས་ལ་ལོ་ཅིག་ནང་ ཐབ་ཤིང་དང་ དར་ཤིང་གི་དོན་ལུ་ མཁོ་འདོད་བཀོད་མི་ཚུ་ མར་ཕབ་སོང་ཡོད་རུང་ ལྷ་ཁང་དང་ རྫོང་གཞིས་ལ་སོགས་པའི་དོན་ལུ་ མཁོ་འདོད་བཀོད་མི་ཚུ་ ཡར་སེང་སོང་སྟེ་ཡོདཔ་ཨིན་པས།
ས་ནམ་ལྷན་ཁག་གི་ གནས་སྡུད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༤ དང་༢༠༡༨ ཀྱི་བར་ན་ ལྷ་ཁང་དང་དགོན་སྡེ་ དགེ་སློང་ཚུ་གི་གྲྭ་ཤག་ལ་སོགས་པ་༢༦༠ བཞེངས་ཡོདཔ་ད་ ནགས་ཚལ་ལས་ཁུངས་ཀྱིས་ དངུལ་ཀྲམ་ས་ཡ་༤༠༩ གནས་པའི་ ཤིང་ཆས་ཀིའུ་བིཀ་ཕུཊ་ས་ཡ་༡.༣༤༩ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།
རྫོང་གཞིས་ཚུའི་གྲས་ལས་ དབང་འདུས་ཕོ་བྲང་དང་ འབྲུག་རྒྱལ་ གླིང་བཞི་ པདྨ་དགའ་ཚལ་རྫོང་ཚུ་ ད་ལྟོ་བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ལས་ དེ་ཚུ་གི་མཁོ་འདོད་ཚུ་ཡང་ བཀོད་བཞིན་དུ་ཡོདཔ་ཨིན་པས།
ན་ཧིང་གི་ ལོ་རྐྱངམ་གཅིག་ནང་ ནགས་ཚལ་ལས་ཁུངས་ཀྱིས་ ཤིང་ཆས་ཀིའུ་བིཀ་ཕུཊ་ས་ཡ་༨.༦༢༥ གི་གནང་བ་བྱིན་ཏེ་ཡོད་མི་ལས་ ཀིའུ་བིཀ་ཕུཊ་༦༥,༠༤༩.༦༡༦ བཀྲམ་སྤེལ་འབད་ཚར་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ ལས་ཁུངས་ཀྱིས་ ཀིའུ་བིཀ་ཕུཊ་ས་ཡ་༡༠.༤༩༣ བཀྲམ་སྤེལ་འབད་ཡོད་མི་དེ་ཡང་ གྲོང་གསེབ་དོན་ལུ་ ཀིའུ་བིཀ་ཕུཊ་ས་ཡ་༦.༣༦༩ བཀྲམ་སྤེལ་འབད་ཡོདཔ་ད་ དེ་གི་ནང་ལས་ ཀིའུ་བིཀ་ཕུཊ་༤.༠༣ དེ་ ཚོང་འབྲེལ་དོན་ལུ་ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།
འཆར་གཞི་༡༡ པའི་ནང་ དབང་འདུས་ཕོ་བྲང་དང་ འབྲུག་རྒྱལ་རྫོང་བཟོ་སྐྲུན་འབད་ཡོདཔ་ད་ རྒྱལ་ཁབ་ནང་ ནགས་ཚལ་ཁྱབ་ཚད་ལས་བརྒྱ་ཆ་༧༡ ཡོད་པའི་ཁར་ དབང་འདུས་ཕོ་བྲང་རྫོང་ཁག་ནང་ ས་ཆ་ཧེག་ཊར་༢༩༢,༨༢༤ ཁྱབ་ཚད་ཡོད་མི་དེ་ མཐོ་ཤོས་ཨིན་པའི་ཁར་ དེ་གི་ཤུལ་ལས་ རྩི་རང་ལུ་ ཧེག་ཊར་༤༨,༨༥༧ ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ ས་ཆ་ཉམས་སྲུང་འབད་མི་ཚུ་ཡང་ གླིང་ཁ་དང་རི་དྭགས་སེམས་ཅན་སྲུང་སྐྱོབས་ས་ཁོངས་ རང་བཞིན་གནས་སྟངས་སྲུང་སྐྱོབས་ས་ཁོངས་ལ་སོགས་པ་ཚུ་གིས་ རྒྱལ་ཁབ་ཀྱི་ ས་ཆ་བརྒྱ་ཆ་༥༡.༤༤ དེ་ཅིག་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ ཚུན་ རྫོང་ཁག་༡༢ ནང་ ནགས་ཚལ་འཛིན་སྐྱོང་སྡེ་ཕྲན་༢༠ ཡོད་མི་གིས་ ས་ཆ་ཧེག་ཊར་༡༩༣,༨༢༡ ཡོདཔ་ད་ ས་གནས་ཀྱི་ ནགས་ཚལ་འཛིན་འཆར་གཞི་འབད་མི་ རྫོང་ཁག་༩ གིས་ ཚོང་འབྲེལ་དོན་ལུ་ ཤིང་ཆས་ཚུ་ བཀྲམ་སྤེལ་འབད་ཡོདཔ་ད་ ས་ཆ་ཧེག་ཊར་༨༣,༢༡༥ ཁྱབ་པའི་ མི་སྡེའི་ནགས་ཚལ་༧༣༣ ཡོད་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *