༉ སྐྱེས་ལོ་༢༤ ལང་མི་ བསྟན་འཛིན་དབང་ཕྱུག་དེ་ སྤྱི་ལོ་༢༠༡༦ ལུ་ ཤར་ཕྱོགས་བཀང་ལུང་ལུ་ཡོད་པའི་ བྲག་མཚོ་རིག་རྩལ་སྤེལ་ཁང་ནང་ འཛུལ་ཞུགས་འབད་བའི་སྐབས་ དབང་པོ་ལུ་ ཐོ་ཕོག་མི་ཚུ་དང་མཐུན་པའི་ མཐུན་རྐྱེན་ཚུ་ ག་ནི་ཡང་མེདཔ་ལས་ གདོང་ལེན་ལེ་ཤ་ར་བྱུང་སྡོད་ནུག།
དེ་ཡང་ཁོ་ར་ རྐང་ཁྲི་འཁོར་ལོ་ཅནམ་ ལག་ལེན་འཐབ་དགོ་མི་ཅིག་ཨིནམ་ལས་ ཁོ་ལུ་རྒྱབ་སྐྱོར་འབད་མི་༢ དགོ་པའི་ཁར་ ལམ་ཚུ་ དབང་པོ་ལུ་ ཐོ་ཕོག་མི་ཚུ་དང་མཐུན་ཏོག་ཏོ་སྦེ་ མེད་ནི་དེ་གིས་ཨིན་པས།
ཨིན་རུང་ གདོང་ལེན་བྱུང་མི་ག་ར་ སྲུང་བཟུམ་ཅིག་ལུ་གྱུར་ཡོདཔ་ད་ དེ་ཡང་ ཨོ་པི་ནིང་ ཡུ་འར་ ཧརཊ་ཊུ་བྷུ་ཊཱན་(Opening Your Heart to Bhutan)ཟེར་མི་ ལས་སྡེ་དེ་གིས་ དབང་པོ་ལུ་ཐོ་ཕོག་མི་དང་མཐུན་པའི་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ནི་དེ་གིས་ཨིན་པས།
ལས་སྡེ་གིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༤.༡༦ བཏང་ཐོག་ལས་ སྦྱོང་བརྡར་སྤེལ་ཁང་གི་མཐའ་འཁོར་ལུ་ རྐང་ཁྲི་འཁོར་ལོ་ཅནམ་ ལག་ལེན་འཐབ་བཏུབ་པའི་ལམ་དང་ ལྕགས་གདང་རཝ་ སློབ་སྟོན་གྱི་སྒྲིང་ཁྱིམ་ རྩེད་ཐང་ དེ་ལས་ སྤྱི་དོན་ཁང་དང་ཐབ་ཚང་ལ་སོགས་ཚུ་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
ད་རེས་ མཐུན་རྐྱེན་གསརཔ་ཚུ་ སྤྱོད་ནིའི་གོ་སྐབས་ཐོབ་ཚུགས་ནི་དེ་གིས་ ཨ་ལོ་ཚུ་ སེམས་ལུ་དགའ་བ་བྱུང་སྟེ་འདུག།
ང་བཅས་དབང་པོ་ལུ་ ཐོ་ཕོག་མི་ཚུ་དོན་ལས་ མཐུན་རྐྱེན་མ་འདྲཝ་ཚུ་ རྒྱབ་སྐྱོར་འབད་ནི་དེ་གིས་ ང་དང་འདྲ་བའི་ཆ་རོགས་ཚུ་གི་ མི་ཚེ་ལེགས་འགྱུར་སོང་ཡི་ཟེར་ བསྟན་འཛིན་དབང་ཕྱུག་གིས་ བཤད་པའི་ཁར་ ཧེ་མ་འབད་བ་ཅིན་ ཆ་རོགས་༢ ཀྱིས་ རྒྱབ་སྐྱོར་འབད་དགོཔ་ལས་ འཕྲལ་འཕྲལ་འགྱེལ་འགྱོ་བའི་སྐབས་ སྟབས་མ་བདེཝ་འབྱུང་ནི་ཡོད་ཟེར་ཨིནམ་ད་ ཆ་རོགས་༢ ཀྱིས་རྒྱབ་ཁར་ལས་ འཕུལ་དགོ་དགོ་ནི་དེ་གིས་ ཆ་རོགས་ཚུ་ འུ་སྡུག་པའི་ཤུགས་ཀྱིས་ དབུགས་འགམ་ནི་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་ མཐུན་རྐྱེན་ཚུ་ཡོད་ནི་དེ་གིས་ སྟབས་བདེ་ཏོག་ཏོ་འདུག་ཟེར་ཨིནམ་ད་ རྒྱབ་སྐྱོར་འབད་མི་ཚུ་ལུ་ བཀའ་དྲིན་དགའ་ཚོར་ ག་དེ་སྦེ་བསམ་ནི་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།
སྐྱེས་ལོ་༡༣ ལང་མི་ ཆོས་དབྱངས་ཀུན་ཁྱབ་ཀྱིས་འབད་རུང་ བསམ་འཆར་དེ་སྦེ་ར་ བཤད་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ལམ་སྦོམ་ཡོདཔ་ལས་ ཁོ་གི་དོན་ལུ་ སྟབས་བདེ་ཏོག་ཏོ་ཡར་སོ་ཡི་ཟེར་ཨིནམ་ད་ ད་ལས་ཕར་ ཆ་རོགས་ཚུ་ལུ་ རེ་མི་དགོ་ཟེར་ཨིནམ་ད་ སྤེལ་ཁང་གི་ནང་འཁོད་ ག་ཏེ་འགྱོ་རུང་ སྟབས་བདེ་ཏོག་ཏོ་འདུག་ཟེར་ཨིན་པས།
ལས་སྡེའི་ངོ་ཚབ་ ཨྱོན་ཚེ་རིང་གིས་ སླབ་མིའི་ནང་ སྤེལ་ཁང་གི་མཐའ་འཁོར་དང་ ཡིག་ཚང་ དེ་ལས་ སྒྲིང་ཁྱིམ་ཚུ་ནང་འགྱོ་ནིའི་དོན་ལུ་ དབང་པོ་སྐྱོན་ཅན་ཚུ་གིས་ འགྱོ་ཚུགས་པའི་མཐུན་རྐྱེན་ཚུ་ བཟོ་སྐྲུན་འབད་དེ་ཡོད་ཟེར་ཨིན་པས།
དབང་པོ་ལུ་ ཐོ་ཕོག་མི་ཚུ་ལུ་ རྒྱབ་སྐྱོར་མ་འབད་བར་ དེ་སྦེ་ར་ བཀོག་བཞག་པ་ཅིན་ ན་གཞོན་ཚུ་ མི་སྡེའི་གྲས་ཁར་བཙུགས་ནིའི་དོན་ལུ་ གདོང་ལེན་འབྱུང་ནི་མས་ཟེར་ ཨྱོན་ཚེ་རིང་གིས་བཤད་པའི་ཁར་ ཁོང་ལུ་ རྒྱབ་སྐྱོར་འབད་དགོཔ་ཁག་ཆེ་བས་ཟེར་ཨིནམ་ད་ དབང་པོ་ལུ་ཐོ་ཕོག་མི་ཚུ་གི་དོན་ལས་ ལཱ་འབད་དགོཔ་ལེ་ཤ་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བུམོ་ཚུ་གི་དོན་ལས་ ཉལ་ཁྱིམ་ལས་འགོ་བཙུགས་ དཔེ་ཆ་བལྟ་སའི་སྒྲིང་ཁྱིམ་དང་ ཐབ་ཚང་ སྤྱི་དོན་ཁང་ དེ་ལས་ ལམ་ཚུ་ ལེགས་ཤོམ་བཟོ་ཡི་ཟེར་ཨིན་པས།
སྤེལ་ཁང་གི་ སློབ་ཕྲུག་ཅིག་གིས་འབད་བ་ཅིན་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལས་ སྤེལ་ཁང་གི་ཕྱི་ཁར་འབད་རུང་ དབང་པོ་ལུ་ཐོ་ཕོག་མི་ཚུ་དང་མཐུན་པའི་ ལམ་དང་མཐུན་རྐྱེན་ཚུ་ དགོཔ་འདུག་ཟེར་ཨིནམ་ད་ སྤེལ་ཁང་ལས་ ཕྱི་ཁར་འགྱོ་དགོ་མནོ་རུང་ ལམ་ལེགས་ཤོམ་མེདཔ་ལས་ གདོང་ལེན་འདུག་ཟེར་ཨིན་པས།
འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གཞུང་གི་ཁ་ཐུག་ལས་ བྲག་མཚོ་ལྟེ་བ་ལུ་ སློབ་གྲྭ་གཞན་ཁར་བཟུམ་སྦེ་ ཉིན་བསྟར་གྱི་ ལྟོ་ཐོབ་ལས་རིམ་ཅིག་ བཟོ་ཚུགས་པ་ཅིན་ གཞན་ལུ་ རེ་མི་དགོ་ནི་ཨིནམ་ལས་ སྟབས་བདེ་ནི་མས་ཟེར་ཨིནམ་ད་ བཀང་ལུང་གི་ མི་སྡེ་ལས་འབད་རུང་ གྲལ་གཏོགས་འབད་བ་ཅིན་ དབང་པོ་ལུ་ཐོ་ཕོག་མི་ཚུ་གི་མི་ཚེ་ ལེགས་བསྒྱུར་འབད་ནི་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ད་རེས་ སྤེལ་ཁང་ནང་ ཨ་ལོ་༦༠ དེ་ཅིག་ཡོདཔ་ད་ ཉིན་བསྟར་གྱི་བཞེས་སྒོ་ཚུ་ ལས་སྡེ་གིས་བྱིན་དོ་ཡོདཔ་ད་ ཟླ་རིམ་བཞིན་དུ་ ལྟོ་ཕོགས་དངུལ་ཀྲམ་༡,༥༠༠ རེ་ བྱིན་དོ་ཡོད་པའི་གནས་ཚུལ།
གནས་བརྟན་རྡོ་རྗེ། བཀང་ལུང་།