༉ ཤར་ནུབ་གཞུང་ལམ་རྒྱ་བསྐྱེད་ ལས་འགུལ་གྱིས་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ བྱ་སྟབས་མ་བདེཝ་ བྱུང་བཅུག་དོ་ཡོདཔ་ཨིན་རུང་ སང་ཕོད་སྤྱི་ཟླ་༦ པའི་ནང་ མཇུག་བསྡུ་ཚུགས་ནི་ཨིན་པས།
དེ་ཡང་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ གཞུང་ལམ་རྒྱ་བསྐྱེད་ཀྱི་ལཱ་ཚུ་ འཆར་གཞི་དང་འཁྲིལ་ཏེ་ འགྱོ་དོ་ཡོདཔ་ལས་ སང་ཕོད་ཀྱི་ ལོ་ཕྱེད་ཁམས་ལས་ མཇུག་བསྡུ་ཚུགས་ཟེར་ཨིན་པས།
ཨིན་རུང་ རྒྱུན་འགྲུལ་འཐབ་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཞུང་ལམ་གྱི་གནས་སྟངས་དང་ རྒྱ་བསྐྱེད་ཀྱི་ ལཱ་ཚུ་ལུ་ལྟཝ་ད་ སང་ཕོད་མཇུག་བསྡུ་ཚུགས་ནི་བཟུམ་ཅིག་ མིན་འདུག་ཟེར་ཨིནམ་ད་ དེ་ཡང་ ལམ་གྱི་གནས་སྟངས་ཚུ་ སྐྱོ་དྲགས་སྦེ་ ཡོད་མི་ལུ་བརྟེན་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ གཞུང་གིས་ ཁས་བླངས་འབད་དོ་བཟུམ་སྦེ་ གཞུང་གི་གནས་ཡུན་སྐབས་ལུ་ར་ མཇུག་བསྡུ་ཚུགས་པའི་ བློ་གཏད་ཡོདཔ་མ་ཚད་ གཞུང་གིས་ ལཱ་ཚུ་ལུ་ ལྟ་རྟོག་འབད་བཞིན་དུ་ཡོད་ཟེར་ཨིན་པས།
ཞབས་ཏོག་བློན་པོ་གིས་ གཞུང་ལམ་རྒྱ་བསྐྱེད་ཀྱི་ལཱ་ཚུ་ ཁག་འབགཔ་༤༢ ལུ་ བྱིན་ཡོདཔ་བཞིན་དུ་ ཁག་འབགཔ་སྦོམ་ཚུ་ཡོད་དེ་འབད་རུང་ གཞུང་གིས་ དུས་མཐུན་གྱི་ལྟ་རྟོག་དང་ འཛིན་སྐྱོང་ཚུ་ ལེགས་ཤོམ་སྦེ་ འབད་དོ་ཟེར་ཨིན་པས།
ཨིན་རུང་ བློན་པོ་གིས་ ལམ་གྱི་གནས་སྟངས་སྐོར་ལས་རྐྱངམ་གཅིག་མེན་པར་ རྒྱ་བསྐྱེད་ཀྱི་ལཱ་དང་གཅིག་ཁར་ རྒྱུན་འགྲུལ་འཐབ་མི་ཡང་ རྒྱ་ཆེ་དྲགས་སྦེ་ཡོད་རུང་ སྣུམ་འཁོར་ཚུ་ བཀག་མ་བཞག་པར་ བཏང་དོ་ཡོད་མི་ལུ་ལྟཝ་ད་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ བྱ་སྟབས་མ་བདེཝ་ དུམ་གྲ་ཅིག་ལས་བརྒལ་ མ་བྱིན་མི་དེ་ ཧ་གོ་དགོ་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ མི་མང་གིས་ གཞུང་ལམ་གྱི་གནས་སྟངས་ཚུ་ ས་གནས་ལ་ལོ་ཅིག་ནང་ བྱག་གཟར་དྲགས་སྦེ་ཡོད་པའི་ཁར་ ལ་ལོ་ཅིག་ བརྟན་ཏོག་ཏོ་མེདཔ་མ་ཚད་ ལམ་རྒྱ་ཆུང་ཀུ་སྦེ་ཡོདཔ་ལས་ རྒྱ་བསྐྱེད་འབད་ནི་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུངམ་ཨིན་ཟེར་ཨིན་པས།
བློན་པོ་གིས་ ཀྲོང་གསར་ལུ་འབད་བ་ཅིན་ ཚང་ཁ་དང་ བིའུ་པོ་ཡེནཊི་ སྦྱིས་ཟམ་ དེ་ལས་ ཀྲོང་གསར་ཁྲོམ་ཚུ་ནང་ གདོང་ལེན་ཡོདཔ་ལས་ གཞུང་ལུ་ ཚ་གྱང་ཡོད་ཟེར་ཨིན་པས།
ལས་འགུལ་དེ་གིས་ མོང་སྒར་ལུ་འབད་བ་ཅིན་ སྐྱིད་བདེ་མཁར་ལུ་ཡང་ དཀའ་ངལ་དེ་བཟུམ་ཡོད་ཟེར་ཨིནམ་ད་ ཨིན་རུང་ བློན་པོ་གིས་འབད་བ་ཅིན་ རྒྱ་བསྐྱེད་ཀྱི་ ལཱ་ཚུ་གི་གྲས་ལས་ རྩི་ནག་གཏང་ནི་དེ་མ་གཏོགས་ ལཱ་གཞན་ཚུ་ ཧ་ལམ་ འབད་ཚར་ཏེ་ཡོད་ཟེར་ཨིན་པས།
མོ་གིས་ རྩི་ནག་གཏང་ནིའི་ལཱ་ མང་སུ་ཡོད་དེ་འབད་རུང་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པའི་ དོགས་པ་མེད་ཟེར་ཨིནམ་ད་ སེམས་རྟོགས་ཁ་དང་ དབང་འདུས་བར་ནའི་ གཞུང་ལམ་དེ་ བརྒྱ་ཆ་༢ དེ་ཅིག་ མཇུག་བསྡུ་མ་ཚུགས་པར་ཡོད་མི་དེ་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ འགོ་འབྱེད་རྟེན་འབྲེལ་ འབད་ནི་ཨིན་ཟེར་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།