༉ བདུན་ཕྲག་ཧེ་མའི་ནང་ མི་མང་སྐྱེལ་འདྲེན་བཱསི་ ལག་ལེན་འཐབ་མི་ ཇོ་བདག་༦ དེ་ཅིག་གིས་ ཤར་ནུབ་གཞུང་ལམ་གྱི་ གནས་སྟངས་ལེགས་བཅོས་འབད་གནང་དགོཔ་སྦེ་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་ལུ་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།
ཞུ་ཡིག་ནང་ འཁོར་ལམ་གྱི་ གནས་སྟངས་ལེགས་ཤོམ་མེད་མི་ལུ་བརྟེན་ གཞུང་ལམ་བདའ་སྟེ་ ལམ་འགྲུལ་འབད་མི་ འགྲུལ་སྐྱེལ་བཱསི་ཚུ་ མེདཔ་བཏང་ཡོདཔ་ལས་ སྐྱེལ་འདྲེན་ཞབས་ཏོག་བཙུགས་མི་ཚུ་ལུ་ གྱོང་རྒུད་ཕོག་སྟེ་ཡོད་ཟེར་བཀོད་ནུག།
སྐྱེལ་འདྲེན་གཙོ་འཛིན་འགོ་དཔོན་ ཀརྨ་སྤེན་པ་གིས་ སླབ་མིའི་ནང་ ཤར་ནུབ་ཀྱི་ གཞུང་ལམ་རྒྱ་བསྐྱེད་འབད་མི་དང་ གནམ་བྱཱར་གྱི་ ཆར་ཆུ་ཚུ་ལུ་བརྟེན་ ལམ་གྱི་གནས་སྟངས་ སྐྱོ་དྲགས་ཡར་སོ་ནུག་ཟེར་ཨིན་པས།
འཁོར་ལམ་གྱི་ གནས་སྟངས་ལེགས་ཤོམ་མེད་མི་ལུ་བརྟེན་ སྐྱེལ་འདྲེན་ལག་ལེན་པ་ཚུ་གི་གྲས་ལས་ མེ་ཏོག་སྐྱེལ་འདྲེན་གྱིས་ སྤྱི་ཟླ་༧ པའི་ཚེས་༡༡ ལས་ ཐིམ་ཕུགལས་ བཀྲིས་སྒང་ མོང་སྒར་ བུམ་ཐང་ བཀྲིས་གཡང་རྩེ་ཚུ་ནང་ བཱསི་འགྲོ་འགྲུལ་འབད་ནི་ཚུ་ མཚམས་འཇོག་འབད་ཡོདཔ་ཨིན་པས།
མེ་ཏོག་སྐྱེལ་འདྲེན་ཞབས་ཏོག་གི་ཇོ་བདག་ བསོད་ནམས་ཚེ་དབང་གིས་ སླབ་མིའི་ནང་ ཀོསི་ཊར་བཱསི་ཚུ་ ལམ་གྱི་གནས་སྟངས་ སྐྱོ་དྲགས་ཚུ་ནང་ གཏང་ནི་གི་ བཱསི་མེནམ་ལས་ འདི་བཟུམ་མའི་ གནས་སྟངས་ནང་ བདའ་འགྱོ་བ་ཅིན་ ལམ་འགྲུལཔ་དང་ དེད་གཡོགཔ་ཚུ་ལུ་ ཉེན་ཁ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ ལམ་གྱི་གནས་སྟངས་འདི་བཟུམ་ནང་ འགྲོ་འགྲུལ་འབདཝ་ད་ བཱསི་ལུ་ ཐུག་རྐྱེན་རེ་ འབྱུང་པ་ཅིན་ མི་མང་གིས་ བཱསི་གི་ཇོ་བདག་ཚུ་ལུ་ ཁ་གཏང་འོང་ཟེར་ཨིནམ་ད་ ང་བཅས་ཀྱིས་ ཤར་ནུབ་ཀྱི་གཞུང་ལམ་ རྩི་ནག་གཏང་དགོཔ་སྦེ་ ཞུཝ་མེན་པར་ བཱསི་ཚུ་ འགྲོ་འགྲུལ་འབད་བཏུབ་པའི་ གནས་སྟངས་ལེགས་ཤོམ་ཅིག་ བཟོ་གནང་ཟེར་ ཞུ་བ་ཕུལཝ་ཨིན་ཟེར་ བསོད་ནམས་ཚེ་དབང་གིས་ བཤདཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༡ ལུ་ མི་མང་སྐྱེལ་འདྲེན་ལག་ལེན་པ་དང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་གི་བར་ན་ ཞལ་འཛོམས་ཅིག་འཚོགསཔ་ད་ བཱསི་གི་ཇོ་བདག་ཚུ་ལུ་བྱུང་མི་ དཀའ་ངལ་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ནུག།
ཀརྨ་སྤེན་པ་གིས་ སླབ་མིའི་ནང་ ལམ་སེལ་ལས་ཁུངས་ཀྱིས་ ས་ཁོངས་ལས་བྱེདཔ་ཚུ་ལུ་ ལམ་སེལ་ནི་དང་ ལམ་ཧ་ཀ་ཧོ་ཀ་ཐོན་མི་ཚུ་ རྡོ་རུག་བླུགས་ཏེ་ བསུབ་ནི་ལུ་ ཆ་རོགས་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
མེ་ཏོག་སྐྱེལ་འདྲེན་གྱི་ བཱསི་དག་པ་ཅིག་ ལག་ལེན་མེད་པར་ བཞག་མི་དེ་ཡང་ ཡན་ལག་ཅ་ཆས་ཚུ་ མ་ཐོབ་མི་ལུ་བརྟེན་ཨིན་པས།
ཀརྨ་སྤེན་པ་གིས་འབད་བ་ཅིན་ བཀྲམ་སྤེལ་བ་ཚུ་ལུ་ ཡན་ལག་ཅ་ཆས་ཚུ་ ནམ་ར་དགོ་རུང་ ཐོབ་ཆོག་ཆོ་སྦེ་ བཞག་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིནམ་ད་ སྐྱེལ་འདྲེན་ཞབས་ཏོག་གི་ཐད་ལུ་ བཱསི་གི་ཇོ་བདག་ཚུ་གིས་ རང་སོའི་བློ་འདོད་དང་འཁྲིལ་ སྐྱེལ་འདྲེན་ཞབས་ཏོག་ མཚམས་འཇོག་འབད་མི་ཆོག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
མཚམས་འཇོག་གི་དོན་ལུ་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་ལུ་ རྒྱུ་མཚན་དང་བཅསཔ་སྦེ་ སྙན་ཞུ་འབད་དེ་ གནང་བ་ཞུ་དགོཔ་ཨིན་པས།
ད་རེས་ནངས་པར་ ཤར་ནུབ་ཀྱི་ གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ སྐྱེལ་འདྲེན་བཱསི་༥ ལྷགཔ་ཅིག་ཡོད་མི་ཚུ་གིས་ ཉིན་བསྟར་བཞིན་དུ་ ལམ་འགྲུལཔ་༡༦༠ ལྷགཔ་རེ་ འབག་འགྱོ་དོ་ཡོདཔ་ད་ བདུན་ཕྲག་རེ་ནང་ ཕར་ཚུར་ལམ་འགྲུལ་འབད་མི་ སྐྱེལ་འདྲེན་བཱསི་༡༨ ཡོད་པའི་ཁར་ རྒྱལ་ཁབ་ནང་ བཱསི་སྐྱེལ་འདྲེན་ལག་ལེན་པ་༦༦ ཡོདཔ་ཨིན་པའི་གནས་ཚུལ།
Check Also
དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།
༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …