༉ ཁ་ཙ་ཉིན་མར་ བཙག་འཐུའི་འགོ་དཔོན་ཚུ་གིས་ དབང་འདུས་རྫོང་ཁག་ ཨ་ཐང་-ཐེད་ཚོ་འདེམས་ཁོངས་ཀྱི་དོན་ལུ་ལྷོད་མི་ འགྲེམ་ཐོག་ཚོགས་རྒྱན་ཚུ་ གྱངས་ཁ་རྐྱབ་པའི་སྐབས་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོའི་ཚོགས་རྒྱན་༢༠ དེ་ཅིག་ བགྱངས་པའི་ཤུལ་ལུ་རྐྱངམ་གཅིག་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོའི་དོན་ལུ་ ཚོགས་རྒྱན་ཕུད་རྡོག་གཅིག་ ཐོན་ཡོད་པའི་ མངོན་གསལ་བྱུང་ནུག།
སྔོན་རྟགས་དེ་ལུ་བརྟེན་ཏེ་ འཕྲུལ་ཆས་ཐོག་གི་ ཚོགས་རྒྱན་ལས་ཡང་ གྲུབ་འབྲས་དེ་དང་ ཁྱད་པར་མེདཔ་སྦེ་ ཐོན་ཚུགས་པའི་ངེས་ཤེས་ཐོབ་ཡོདཔ་ཨིན་པས།
ཁ་ཙའི་སྤྱིར་བཏང་བཙག་འཐུའི་ནང་ འབྲུག་མཉམ་རུབ་ཚོགས་པའི་ ཨ་ཐང་-ཐེད་ཚོ་འདེམས་ཁོངས་ཀྱི་འདེམས་ངོ་ ཀུན་ལེགས་དབང་ཕྱུག་དང་ སྲས་ཕུག་-ཉི་ཤོ་འདེམས་ཁོངས་ཀྱི་འདེམས་ངོ་ དབང་ཕྱུག་རྣམ་རྒྱལ་གཉིས་ཀྱིས་ ཚོགས་རྒྱན་གྱི་ གྱངས་ཁ་ འབོར་ཆེ་ཏོག་ཏོ་ཐོབ་སྟེ་ རྒྱལ་ཁབ་ཐོབ་ནུག།
མཉམ་རུབ་ཚོགས་པའི་ ཨ་ཐང་-ཐེད་ཚོའི་འདེམས་ངོ་ ཀུན་ལེགས་དབང་ཕྱུག་དེ་ གཙོ་བོ་འགྲེམ་ཐོག་ཚོགས་རྒྱན་ལུ་བརྟེན་ རྒྱལ་ཁ་ཐོབ་ཡོདཔ་ད་ འཕྲུལ་ཆས་ཚོགས་རྒྱན་གྱི་ཐད་ ཁྱད་པར་གངམ་མེདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ ཨ་ཐང་-ཐེད་ཚོའི་འདེམས་ངོ་ ཉིམ་རྒྱལ་མཚན་གིས་ འཕྲུལ་ཆས་ཀྱི་ ཚོགས་རྒྱན་༢,༤༤༠ ཐོབ་མི་དེ་ ཀུན་ལེགས་དབང་ཕྱུག་དང་ཕྱདཔ་ད་༡༤༡ གིས་ཉུང་དོ་ཡོདཔ་ད་ ཀུན་ལེགས་དབང་ཕྱུག་གིས་ འགྲེམ་ཐོག་ཚོགས་རྒྱན་༡,༤༢༠ ཐོབ་མི་དེ་ ཉིམ་རྒྱལ་མཚན་ལས་༧༢༦ གིས་ མང་དོ་ཡོདཔ་ཨིན་པས།
ཀུན་ལེགས་དབང་ཕྱུག་གིས་ བཤད་མིའི་ནང་ གྲུབ་འབྲས་དེ་ ཁོ་རའི་བློ་འདོད་ལྟར་ མ་བྱུང་རུང་ སེམས་དགའ་མི་དེ་ཡང་ ཁོ་ར་ལུ་རྒྱབ་སྐྱོར་ ག་དེ་དྲག་དྲག་འབད་མི་ཚུ་གི་ བཀའ་དྲིན་ཨིནམ་ལས་ ག་ར་ལུ་ དཀའ་དྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ ཉི་ཤོ་-སྲས་ཕུག་འདེམས་ཁོངས་ཀྱི་འདེམས་ངོ་ དབང་ཕྱུག་རྣམ་རྒྱལ་གྱིས་ ཁོ་རའི་འདེམས་ཁོངས་ལས་ འཕྲུལ་ཆས་ཚོགས་རྒྱན་༣,༡༣༩ དང་ འགྲེམ་ཐོག་ཚོགས་རྒྱན་༡,༢༤༩ ཐོབ་སྟེ་ རྒྱལ་ཁ་ཐོབ་མི་ལུ་ ཧ་ལས་དགོཔ་ཅིག་མེད་མི་དེ་ཡང་ འབྲུག་མཉམ་རུབ་ཚོགས་པ་གིས་ འགོ་ཐོག་བཙག་འཐུའི་སྐབས་ འདེམས་ཁོངས་དེ་ནང་ལས་ ཚོགས་རྒྱན་གྱི་གྱངས་ཁ་ འབོར་ཆེན་ཐོག་ རྒྱལ་ཁ་ཐོབ་ཡོད་མི་ལུ་བརྟེན་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ དབང་ཕྱུག་རྣམ་རྒྱལ་དང་ འབྲུག་ཕུན་སུམ་ཚོགས་པའི་ ཉི་ཤོ་-སྲས་ཕུག་གི་འདེམས་ངོ་ འཆི་མེད་རྒྱ་མཚོ་གཉིས་ཀྱི་བར་ན་ ཚོགས་རྒྱན་༡,༣༢༧ གྱི་ཁྱད་པར་བྱུང་ནུག།
དབང་འདུས་རྫོང་ཁག་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་ ཡོངས་བསྡོམས་༢༠,༠༨༤ ཡོད་ས་ལས་ ཨ་ཐང་-ཐེད་ཚོ་འདེམས་ཁོངས་ནང་༩,༩༡༨དང་ ཉི་ཤོ་-སྲས་ཕུག་འདེམས་ཁོངས་ནང་༡༠,༡༦༦ ཡོདཔ་ཨིན་པས།
ཚོགས་རྒྱན་གྱི་ཉིན་མར་ དབང་འདུས་རྫོང་ཁག་བཙག་འཐུ་ཡིག་ཚང་གིས་ ཁོ་ཏོག་ཁ་ལུ་ གནམ་བྱཱར་གྱི་སྡོད་གནས་ནང་ སྤོ་འགྱོ་མི་ རྒེད་འོག་སོ་སོའི་ ཚོགས་རྒྱན་སྐྱུར་མི་༡༥༤ དེ་ཅིག་གི་དོན་ལུ་ འགྲུལ་སྐྱེལ་བཱསི་བཞི་ གྲ་སྒྲིག་འབད་བྱིན་མི་དེ་ཡང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ཡིག་ཚང་ལུ་ སྐྱེལ་འདྲེན་གྱི་ ཞུ་བ་འབད་མི་ལུ་བརྟེན་ཨིན་པས།
རྫོང་ཁག་བཙག་འཐུའི་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་ བཤད་མིའི་ནང་ གནམ་བྱཱར་སྡོད་སའི་ས་གནས་དེ་ ཚོགས་རྒྱན་བཙུག་སའི་ས་གོ་ལས་ ཐག་རིང་སར་འབད་ནི་དེ་གིས་ སྐྱེལ་འདྲེན་གྱི་ མཐུན་རྐྱེན་མེད་མི་ལུ་བརྟེན་ ས་གནས་དེ་ཁའི་ ཚོགས་རྒྱན་སྐྱུར་མི་ལ་ལོ་ཅིག་ འགོ་ཐོག་བཙག་འཐུའི་ནང་ ཚོགས་རྒྱན་བཙུགས་མ་ཚུགས་པས་ཟེར་ཨིན་པས།
མི་སྡེ་དེ་ཚུ་ ཚོགས་རྒྱན་གྱི་ ས་གོ་ལས་ ཀི་ལོ་མི་ཊར་༣༨ དེ་ཅིག་གི་ ས་ཁར་ཨིནམ་ད་ ཁོང་ལུ་ སྐྱེལ་འདྲེན་གྱི་ ཞབས་ཏོག་མིན་འདུག་ཟེར་ རྡོ་རྗེ་དབང་འདུས་ཀྱིས་ བཤད་ཡོདཔ་བཞིན་དུ་ ཚོགས་རྒྱན་སྐྱུར་མི་ཚུ་ཡང་ རུས་པའི་ས་དང་ སྦྱེས་ནག་རྒེད་འོག་ཚུ་ནང་ ཐོ་བཀོད་འབད་ཡོད་པའི་གནས་ཚུལ།
སྐད་སྒྱུར་ ཀརྨ་བསྟན་འཛིན།