༉ བསམ་རྩེ་ལྷོཔ་ཚུ་གི་གླུ་གཞས་ བྱ་ཁྲུང་ཁྲུང་དང་ འདྲེ་ཏོག་ཟེམ་དེ་ བྱ་དང་གཅིག་ཁར་ ཁྱད་པར་བལྟ་དོ་ཡོད་མི་དེ་ཡང་ བྱ་ཁྲུང་ཁྲུང་དེ་ རིག་པ་དང་ མཛེས་སྡུག་ དེ་ལས་ འདྲེ་ཏོག་ཟེམ་དེ་ བླུན་པོའི་བྱ་སྤྱོད་དང་ ཁྱད་པར་མེདཔ་སྦེ་ བརྩི་མཐོང་བསྐྱེད་དོ་ཡོདཔ་ཨིན་པས།
ལྷོ་ཏུ་ཀུ་ཅུ་འཇིགས་མེད་ལས་ སྐྱེས་ལོ་༥༨ ལང་མི་ ཀུན་ཏི་ཌོ་ཡ་གིས་ ཞབས་ཁྲ་ཐོགས་ཆ་མེད་པར་ ཤེས་དོ་ཡོདཔ་ད་ ད་རེས་ མོ་གིས་ ཨོམ་གྱི་ལཱ་ བཤོལ་བཞག་སྟེ་ ཞབས་ཁྲ་འཐེན་སྡོད་དོ་ཡོདཔ་ཨིན་པས།
མོ་གིས་ མོ་རའི་ ནུ་གཅུང་དང་ ཨ་པའི་སྦོ་ལོགས་ཁར་སྡོད་ཐོག་ལས་ དགའ་འཛུམ་དང་བཅསཔ་སྦེ་ ཞབས་ཁྲའི་སྐོར་ལས་ བཤད་བྱིནམ་ཨིན་པས།
ཀུན་ཏི་ཌོ་ཡ་གིས་ སླབ་མིའི་ནང་ གྱང་བསིལ་གྱི་ དུས་ཚོད་སྐབས་ ཁྲུང་ཁྲུང་ཚུ་ ལྷོ་ལུ་འཕུར་བའི་ཤུལ་ལས་ གནམ་བྱཱར་སྐབས་ བྱང་ཁ་ཐུག་ འཕུར་འགྱོ་ནི་ཡོད་རུང་ འདྲེ་ཏོག་ཟེམ་གྱིས་ གནམ་བྱཱར་སྐབས་ ལྷོ་ཕྱོགས་དང་ གནམ་དགུན་ལུ་ བྱང་ཕྱོགས་ལུ་ འཕུར་ནི་ཡོད་ཟེར་ཨིན་པས།
ང་གིས་ ཞབས་ཁྲ་དེ་ ལོ་ན་ཆུང་ཀུ་བསྒང་ལས་ར་ འཐེན་ནི་ཡོདཔ་བཞིན་དུ་ ཞབས་ཁྲ་དེ་ཡང་ མི་རྒན་ཤོས་ཚུ་ལས་ ལྷབ་ཅི་ཟེར་ ཀུན་ཏི་ཌོ་ཡ་གིས་ བཤད་པའི་ཁར་ ད་རེས་ ལམ་སྲོལ་དེ་ ཉམས་ནི་གུ་ ལྷོད་དེ་འདུག་ཟེར་ བཤད་ཡོདཔ་ད་ ཞབས་ཁྲའི་སྐོར་ལས་ ལྷོ་ཏོ་ཀུ་ཅུ་འཇིགས་མེད་དང་ ལྷོ་ཏོ་ཀུ་ཅུ་སེངྒེ་གཡུས་ཚན་གྱི་ མི་ཚུ་གིས་ ཤེས་རྟོགས་བྱུང་སྟེ་ཡོད་རུང་ ཁོ་རའི་ ཞབས་ཁྲ་ཚུ་ ཡལ་ཉམས་འགྱོ་ནི་མས་ཟེར་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།
ལྷོཔ་ཚུ་གི་ ཚ་གྱང་སྦོམ་ཤོས་ར་ ད་རེས་ནངས་པའི་ ན་གཞོན་ཚུ་གིས་ ཞབས་ཁྲ་ལུ་ སྤྲོ་བ་མེད་པར་ ལྷབ་མ་བཏུབ་པའི་ཁར་ ལྷོཔ་གི་ཞབས་ཁྲ་ཤེས་རུང་ ལེགས་ཤོམ་སྦེ་ འཐེན་མི་ཤེས་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༢༢ ལང་མི་ རྣམ་རྒྱལ་ཚེ་རིང་ཌོ་ཡ་གིས་ སླབ་མིའི་ནང་ ལྷོཔ་གི་ཞབས་ཁྲ་ ཚར་ལེ་ཤ་ཅིག་ར་ འཐེན་ནི་གི་ དཔའ་བཅམ་རུང་ གནམ་མེད་ས་མེད་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ ཞབས་ཁྲ་འཐེན་ནིའི་ འགན་ཁུར་དེ་ རྒན་ཤོས་ཚུ་ལུ་ ཕོག་ཟེར་ བཤདཔ་ཨིན་པས།
སི་ཏ་དེ་ ད་རེས་ ལྷོཔ་མི་སྡེའི་ནང་ ཌོ་ཡ་ཞབས་ཁྲ་འཐེན་མི་ དག་པ་ཅིག་ལས་བརྒལ་མེད་མི་ལས་ གཅིག་ཨིནམ་ད་ ལྷོ་ཏུ་ཀུ་ཅི་ལས་ སྐྱེས་ལོ་༡༠༠ ལང་མི་ སི་ཏ་ལ་གིས་ ཞབས་ཁྲ་ཚུ་ འགྲོས་ཀྱིས་སྦེ་ ཉམས་འགྱོ་ནིའི་ ཉེན་ཁ་ཡོད་པའི་སྐོར་ལས་ ལེ་ཤ་བཤད་ནི་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ ཁོ་གིས་ ཞབས་ཁྲ་དེ་ཅིག་ར་ འཐེན་ནི་མེད་ཟེར་ཨིནམ་ད་ ཁོ་ར་ ཞབས་ཁྲ་དེ་ཡང་ སྐྱེས་ལོ་༡༢༠ དེ་ཅིག་སྡོད་མི་ ཁོ་རའི་ཨང་རྒས་ལས་ ལྷབ་ཡོདཔ་བཞིན་དུ་ མ་གཞི་ ཨང་རྒས་མོ་ར་ དྭ་ཕྲུག་ཅིག་ཨིན་རུང་ ཨང་རྒས་ཀྱིས་ ཨ་རྟག་ར་ ཞབས་ཁྲ་འཐེན་བྱིན་ཡོད་པའི་ཁར་ སྟོན་བྱིན་ནི་ཡང་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ ལྷོཔ་ཞབས་ཁྲ་དེ་ ཉམས་འགྱོ་དེས་ཟེར་ཨིནམ་ད་ ལོ་ན་རྒས་མི་ལུ་བརྟེན་ ན་གཞོན་ཚུ་ལུ་ སྟོན་མི་ཚུགས་པས་ཟེར་ཨིན་རུང་ ཀུ་ཏི་ ཌོ་ཡ་གིས་འབད་བ་ཅིན་ མོ་ཡང་ སི་ཏ་ལས་ ལྷབ་ཅི་ཟེར་ཨིན་པས།
སི་ཏ་གིས་འབད་བ་ཅིན་ ཀུ་ཏི་ ཌོ་ཡ་གིས་ ཁོ་ལུ་ལས་ བརྒྱ་ཆ་༥༠ ལས་ ལྷབ་མ་ཚུགས་པས་ཟེར་ཨིནམ་ད་ ཞབས་ཁྲ་གཞན་དང་ རིག་རྩལ་ཚུ་ ཁོ་ར་ ཤི་བའི་སྐབས་ ཁོ་ར་དང་གཅིག་ཁར་ ཡལ་ཉམས་འགྱོ་ནིའི་ ཉེན་ཁ་ཡོད་མི་དེ་ཡང་ ལོ་ན་ཚོད་ལུ་བརྟེན་ ད་རེས་ནངས་པའི་ མི་ཚུ་ལུ་ སྟོན་མ་ཚུགས་ནི་དེ་གིས་ཨིན་པས།
སྤྱི་ལོ་༢༠༠༤ ལུ་ ལྷོཔ་གི་ ཞབས་ཁྲ་དེ་ ཡུན་བརྟན་སྦེ་ བཞག་ཐབས་ལུ་ ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ ལྷོ་ཏུ་ཀུ་ཅུ་འཇིགས་མེད་དང་ ལྷོ་ཏུ་ཀུ་ཅུ་སེངྒེ་ དེ་ལས་ ལྷོ་ཏུ་ཀུ་ཅི་དབང་ཕྱུག་གི་ ལྷོཔ་མི་སྡེའི་ནང་ ས་ཁོངས་ཀྱི་ ཡིག་ཚང་ཅིག་ཡང་ གཞི་བཙུགས་འབད་དེ་ཡོདཔ་ཨིན་པས།
གཞི་ཚོགས་དེ་གིས་ ད་རེས་ ཁྱིམ་༨༥ རྐྱབ་ནིའི་དོན་ལས་ གྲོགས་རམ་འབད་དེ་ཡོདཔ་མ་ཚད་ ལྷོཔ་ཚུ་ལུ་ རྩིག་ཁྱིམ་རྐྱབ་ཐངས་ཀྱི་ སྦྱོང་བརྡར་ཡང་ འབད་བའི་ཁར་ ལྕགས་ཤོག་གི་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
འོང་འབབ་ཀྱི་ཐད་ལུ་ གཞི་ཚོགས་ཀྱིས་ ཆུང་རིམ་སྐྱིན་འགྲུལ་ལྷན་ཐབས་འབད་དེ་ ད་རེས་ ལྷོཔ་ཚུ་གིས་ ཨ་ལཱན་ཅི་ འཛུགས་སྐྱོང་འབད་ནི་ འགོ་བཙུགས་པའི་ཤུལ་ལས་ ཧེ་མ་ སྐྱིན་འགྲུལ་ལེན་མི་ཚུ་ཡང་ ལོག་བཏབ་ཚུགས་མི་ལུ་བརྟེན་ ད་རེས་ནངས་པར་ ལྷོཔ་མི་སྡེའི་ནང་ ཨ་ལཱན་ཅི་དེ་ དངུལ་ཐོག་གཙོ་ཅན་ལུ་ གྱུར་དེ་ཡོདཔ་ཨིན་པས།
དེ་མ་ཚད་ ཨ་ལོ་གཅེས་སྐྱོང་དང་ཡར་སྐྱེད་ལྟེ་བའི་ སློབ་སྟོན་པ་༣ ཡང་ རྒྱབ་སྐྱོར་འབད་དེ་ཡོད་པའི་ཁར་ དལ་ཤོག་བཟོ་གྲྭ་ཁང་དང་ ཕྱེ་འཐག་འཕྲུལ་ཡང་ ལྷོཔ་ཚུ་གིས་ བཀོལ་སྤྱོད་འབད་ཚུགས་ཏེ་ཡོདཔ་ཨིན་པས།
དེ་ལས་ ལྷོཔ་མི་སྡེའི་རྒྱང་བསྒྲགས་རེ་ཌིའོ་ཡང་ གཞི་ཚོགས་གིས་ འགོ་བཙུགས་མི་དེ་གིས་ ཞབས་ཁྲའི་ཐོག་ལུ་ ལྷོཔ་གི་ ཁ་སྐད་ཚུ་ ཉམས་སྲུང་འབད་ནི་ལུ་ ལྷན་ཐབས་བྱུང་སྟེ་ཡོདཔ་ད་ ལྷོཔ་ཚུ་གིས་ དངོས་མཐོང་སྦེ་ སྙན་ཚུགས་པའི་ཁར་ རང་སོའི་ཕམ་སྤུན་ཆ་དང་ ལྟོ་ཚང་ཚུ་ལུ་ ཁ་འཐེན་ཚུ་ཡང་ བཏང་ཚུགས་དོ་ཡོདཔ་ཨིན་པས།
ཀུན་ཏི་ཌོ་ཡ་གིས་ ཀུན་གསལ་ལུ་ བཤད་མིའི་ནང་ མོ་གིས་ རེ་ཌིའོ་ཐོག་ལས་ ལྷོཔ་གི་ ཞབས་ཁྲ་༢༠ དེ་ཅིག་ སྒྲ་བཟུང་སྟེ་ཡོད་ཟེར་ཨིནམ་ད་ ཞབས་ཁྲ་ཚུ་ ཉམས་ཉེན་དང་ མི་ཚུ་གིས་ བརྗེད་ནིའི་ཉེན་ཁ་སྦོམ་སྦེ་ར་འདུག་ཟེར་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།