ལྷོཔ་གི་གཡུས་ཚན་ ལོ་ཏོ་ཀུ་ཅུ་འཇིགས་མེད།

ལྷོཔ་མི་སྡེ་ནང་ རྨགཔ་དང་ཨམ་སྲུ་ཚུ་ ཚེ་ལས་འདས་པའི་སྐབས་ཀྱི་ལམ་སྲོལ་ ད་ལྟོ་ཡང་ མ་ཉམས་པར་ཡོདཔ།

༉ སྐྱེས་ལོ་༣༣ ལང་མི་ སངས་རྒྱས་བུ་དར་གྱིས་ དགའ་འཛུམ་མ་སྟོན་པའི་ཁར་ མོ་རའི་རྨགཔ་དེ་ ལོ་༣ གྱི་ཧེ་མར་གྱོངས་ཡོདཔ་ད་ མོ་ར་ད་རེས་ སྐྱེས་ལོ་༡༠ ལང་མི་བུ་དང་ སྐྱེས་ལོ་༧ ལང་མི་ བུམོ་དང་གཅིག་ཁར་སྡོདཔ་ཨིན་པས།

མོ་ར་ དངུལ་ཐོག་ཨ་ལཱན་ཅི་གི་ ལཱ་འབད་དོ་ཡོདཔ་ད་ ཆརཔ་ཟམ་ཟིམ་རྐྱབ་ནི་དེ་གིས་ ཨ་ཞང་གི་ཚོང་ཁང་ནང་འོངམ་ད་ རྒྱན་ཆས་ཟེར་རུང་ ཨོལ་ལྐོག་གུ་ བྱུ་རུ་དག་པ་ཅིག་ཡོད་མི་དེ་ རྐྱངམ་གཅིག་ཨིན་པས།

སངས་རྒྱས་བུ་དར་གྱིས་ སླབ་མིའི་ནང་ འདས་པའི་ལོ་༣ གྱི་རིང་ རྒྱན་ཆས་ཚུ་ ག་ནི་ཡང་ མ་བཏགས་ཟེར་ཨིནམ་ད་ བྱུ་རུ་སྟོནམ་དང་གཅིག་ཁར་ བློ་ཚིག་ཐེངས་རེ་གཉིས་སླབ་ནི་ འགོ་བཙུགསཔ་ད་ མོ་གིས་ ཨོལ་ལྐོག་གུ་བཏགས་མི་ རྒྱན་ཆས་དེ་ འགོ་དང་པ་བཏགསཔ་ཨིན་ཟེར་ སླབ་ཨིན་པས།

དེ་ཡང་ བསམ་རྩེ་རྫོང་ཁག་འོག་གི་ རྡོ་རོ་ཁ་ལུ་ཡོད་མི་ ལོ་ཏོ་ཀུ་ཅུ་འཇིགས་མེད་དང་ ལོ་ཏོ་ཀུ་ཆུ་སེངྒེ་གཉིས་ནང་ཡོད་མི་ གྲོ་ཡ་མི་སྡེ་ནང་ སྡོད་མི་ཚུ་གིས་ རང་སོའི་གཉེན་གྲོགས་ ཚེ་ལས་འདས་པའི་ཤུལ་ལས་ གྱོན་ཆས་ཀྱི་རིགས་ ག་ནི་ཡང་ བཏགས་ནི་མེད་པའི་ལམ་སྲོལ་ཡོདཔ་ཨིན་པས།

ལམ་སྲོལ་དེ་ཡང་ མི་སྡེ་ནང་ དུག་ཚོ་ཧང་ཟེར་ སླབ་སྲོལ་ཡོད་མི་དེ་ཡང་ རང་སོའི་གཉེན་གྲོགས་ ཚེ་ལས་འདས་པའི་སྐབས་ གནས་སྟངས་ག་དེ་སྦེ་ གྱོངས་ཡོདཔ་ཨིན་ན་ལུ་ རག་ལས་ཏེ་ རྒྱན་ཆས་བཏག་ནི་མེད་པའི་ཁར་ དེ་ཡང་ རང་བཞིན་གྱིས་ ཚེ་ལས་འདས་པ་ཅིན་ ལོ་༣ དང་ སྣུམ་འཁོར་ཐུག་རྐྱེན་དང་ གཞན་རང་བཞིན་མིན་པའི་ཐོག་ལས་ ཚེ་ལས་འདས་པ་ཅིན་ ལོ་༩ འི་རིང་ རྒྱན་ཆས་བཏག་མ་ཆོགཔ་ཨིན་པས།

དེ་མ་ཚད་ རྨགཔ་གྱོངས་མི་ ཨམ་སྲུ་ཚུ་གིས་ མགུ་ཏོ་གི་སྐྱ་ཡང་ བཏོག་མ་བཅུག་པར་ གཞན་གྱི་ཁྱིམ་ནང་ཡང་ འཛུལ་མ་ཆོགཔ་ཨིནམ་ད་ གནས་སྟངས་དེ་ ཕོ་སྐྱེས་ཚུ་ལུ་ཡང་ ཅོག་འཐདཔ་སྦེ་ཨིན་པས།

ལུང་པའི་ལུགས་སྲོལ་དང་འཁྲིལཝ་ད་ ཤི་རྐྱེན་བྱུང་མིའི་གཉེན་གྲོགས་ ཕོ་མོ་གཉིས་ཆ་ར་གིས་ ལགཔ་དང་རྐང་པའི་སེན་མོ་ཡང་བཏོག་མ་ཆོག་པའི་ཁར་ ཀྲེབ་ཀྲེམ་ཡང་ བཙུགས་མ་ཆོགཔ་ཨིན་པས།

ཨིན་རུང་ དུས་ཀྱི་འགྱུར་བ་དང་བསྟུན་ ད་རེས་ནངས་པར་ ལྷོཔ་མི་སྡེ་ནང་ ལམ་ལུགས་དེ་ཡང་ བསྒྱུར་བཅོས་སོང་ཡོདཔ་ལས་ སེན་མོ་བཏོག་དོ་ཡོདཔ་ད་ ཀྲེབ་ཀྲེམ་ཡང་ བཙུགས་དོ་ཡོདཔ་ཨིན་པས།

ཨིན་རུང་ ལོག་སྟེ་གཉེན་རྐྱབ་ནི་དེ་ མ་ཆོག་པའི་ཁར་ དུག་ཚོ་ཧང་གི་དུས་ཚོད་སྐབས་ ལ་ལོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མི་སྡེ་གིས་ ལྟ་རྟོག་ཚུ་འབད་ནི་ཡོད་ཟེར་ཡང་ སླབ་ནི་འདུག།

ཨིན་རུང་ སངས་རྒྱས་བུ་དར་གྱིས་ སླབ་མིའི་ནང་ མོ་གིས་ ལོག་སྟེ་གཉེན་རྐྱབ་ཆོག་རུང་ རྐྱབ་ནིའི་རེ་བ་མེད་ཟེར་ བཤདཔ་ཨིན་པས།

ཡོངས་གྲགས་ཅན་གྱི་ འཇིགས་མེད་དང་སེངྒེ་ དེ་ལས་ དབང་ཕྱུག་མི་སྡེ་ནང་ རང་ལུགས་ཀྱི་ལམ་སྲོལ་ཚུ་ སྒྲིང་སྒྲི་སྦེ་ བདག་འཛིན་འཐབ་མི་ཅིག་ཨིན་པའི་ཁར་ དེང་སང་གི་དུས་དང་འཁྲིལ་ ན་གཞོན་ཚུ་ལུ་ བསྒྱུར་བ་སོང་སྟེ་ཡོད་རུང་ ལོ་ན་རྒས་མི་ཚུ་ལུ་ ལམ་སྲོལ་དེ་ སྒྲིང་སྒྲི་སྦེ་ར་ བདག་འཛིན་འཐབ་དོ་ཡོདཔ་ཨིན་པས།

སྐྱེས་ལོ་༥༡ ལང་མི་ འཇམ་གཏན་ཌོ་ཡ་དེ་ཡང་ མི་སྡེ་ནང་ལུ་ ལམ་སྲོལ་དེ་ དམ་སྒྲིང་འབད་དེ་ བཞག་དགོཔ་སྦེ་ སླབ་མིའི་གྲས་ཁར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ལམ་སྲོལ་ཚུ་ བུ་བརྒྱུད་ཚུ་སྤེལ་ནི་དེ་ གལ་ཆེཝ་སྦེ་ཐོན་ཏེ་ཡོད་ཟེར་ ཁོ་གིས་བཤདཔ་ཨིན་པས།

ང་བཅས་ཀྱི་ ལུགས་སྲོལ་རྙིངམོ་མེད་པ་ཅིན་ ང་བཅས་ཀྱི་བུ་བརྒྱུད་ཚུ་ཡང་ ཟླཝ་བུཚ་བཟུམ་སྦེ་ ལུས་ནིའི་ཉེན་ཁ་ཡོད་ཟེར་ཨིནམ་ལས་ ལམ་སྲོལ་སྐོར་ལས་ གོ་སྤྲོད་འབད་བྱིན་ནི་དེ་ ཁོང་གི་འགན་ཁུར་ཨིན་ཟེར་ ཁོ་གིས་བཤདཔ་ཨིན་པས།

འཇམ་གཏན་ཌོ་ཡ་གིས་ སླབ་མིའི་ནང་ རང་སོའི་གཉེན་གྲོགས་ཚུ་ གྱོང་པའི་ཤུལ་ལས་ ལོག་སྟེ་གཉེན་རྐྱབ་མ་བཅུག་པར་བཞག་ནིའི་ ལུགས་སྲོལ་ཡོད་མི་དེ་གིས་ ཁེ་རྒུད་ག་དེ་སྦེ་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།

ཨིན་རུང་ དེ་ཚུ་ག་ར་ ལམ་ལུགས་སྲོལ་ཨིནམ་ལས་ གུས་ཞབས་འབད་དགོཔ་ཅིག་འདུག་ཟེར་ཨིནམ་ད་ ལམ་སྲོལ་དེ་ཡང་ ལྷོཔ་ཚུ་གི་ལམ་སྲོལ་ཨིནམ་ལས་ བརྩི་མཐོང་བསྐྱེད་དགོཔ་འོང་ཟེར་ཨིན་པས།

ལོ་ཏོ་ཀུ་ཅུ་འཇིགས་མེད་ལས་ཨིན་མི་ སྐྱེས་ལོ་༤༨ ལང་མི་ བསོད་ནམས་ཚེ་རིང་ཌོ་ཡ་གིས་ ལོ་དག་པ་ཅིག་གི་ཧེ་མ་ལས་ ཁོ་རའི་ཨམ་སྲུ་ཚེ་ལས་འདས་པའི་ཤུལ་ལས་ དུག་ཚོ་ཧང་གི་ དུས་ཚོད་མཇུག་བསྡུ་ཡོདཔ་ལས་ ཁོ་གིས་འབད་བ་ཅིན་ ཁོང་གི་ཕམ་གྱི་སྐབས་ལས་ར་ཡོད་པའི་ ལུགས་སྲོལ་ཨིནམ་ལས་ གུས་བཀུར་ཐོག་ལས་ ཉམས་ལེན་འབད་དགོཔ་འོང་ཟེར་ཨིན་པས།

ཁོ་གི་དོན་ལུ་ ལོ་༣ གྱི་རིང་ བསྲུང་དགོཔ་ལས་ ལྷོཔ་ཚུ་གིས་ ལམ་ལུགས་དེ་ བསྟར་སྤྱོད་འབད་བའི་སྐབས་ ག་ར་གིས་ རང་སོའི་ལམ་སྲོལ་ཨིནམ་སྦེ་ ཤེས་ནི་དེ་གིས་ དཀའ་སྡུག་ཅན་སྦེ་ བརྩི་ནི་མེད་ཟེར་ཨིན་པས།

བཀག་དམ་གྱི་དུས་ཚོད་མཇུག་བསྡུ་བའི་ཤུལ་ལས་ ལྷོཔ་ཚུ་གིས་ ཚེ་ལས་འདས་མི་ཚུ་གི་རྟིང་བདའ་ དུས་སྟོན་ཆུང་ཀུ་ཅིག་གི་ཐོག་ལས་ དཀར་གྱི་ཆང་ཚུ་སྟོར་ཏེ་ འབད་ནིའི་སྲོལ་ཡོདཔཨིན་པས།

ལོ་ཏོ་ཀུ་ཅུ་འཇིགས་མེད་ལུ་སྡོད་མི་ སྐྱེས་ལོ་༥༠ ལང་མི་ ཨིན་བཟང་རྒྱལ་མོ་ཡང་ འཕྲལ་ཁམས་ཅིག་ཁར་རྐྱངམ་གཅིག་ ལོ་༣ གྱི་དུས་ཚོད་དེ་ མཇུག་བསྡུ་ཡོདཔ་ད་ མོ་གིས་སླབ་མིའི་ནང་ ལོ་༣ གྱི་རིང་ མི་ག་གི་ཁྱིམ་ནང་ཡང་ མ་འཛུལ་བར་ སྡོད་ཡི་ཟེར་སླབ་ཨིན་པས།

ཨིན་བཟང་རྒྱལ་མོ་གིས་ ལོ་༣ གྱི་རིང་ བཞེས་སྒོ་ཚར་རེ་བཟའཝ་ད་ ཚེ་ལས་འདས་མིའི་དོན་ལུ་ཡང་ ཕོརཔ་དང་ཐ་ལི་རེ་ འབག་འོང་སྟེ་ བཞེས་སྒོ་བྱིན་ཡོདཔ་ད་ མོ་གིས་འབད་རུང་ ལམ་སྲོལ་དེ་ བསྟར་སྤྱོད་འབད་དགོ་ཟེར་ཨིནམ་ད་ དེ་མིན་ བཟའ་ཚང་ནང་ མ་ལེགསཔ་འབྱུང་འོང་ཟེར་ཨིན་པས།

ཨིན་བཟང་རྒྱལ་མོ་གིས་ སླབ་མིའི་ནང་ དུག་ཚོ་ཧང་གི་ལམ་སྲོལ་དེ་ ལོ་ངོ་བརྒྱ་ལས་བཅད་དེ་ བསྟར་སྤྱོད་འབད་བའི་ ལམ་སྲོལ་ཅིག་ཨིནམ་ལས་ མི་ཚུ་གིས་ དེ་འཕྲོ་ལས་ བཞག་ནི་མི་འོང་ཟེར་ཨིན་པས།

ལྷོཔ་པའི་ལམ་སྲོལ་ནང་ ཚེ་ལས་འདས་མིའི་ ཕུངམ་འབག་ནི་དེ་ མི་ཅིག་གིས་འབག་སྟེ་ མི་སྡེ་ནང་ རོམ་བུ་ཟེར་མི་ཚུན་འབག་བསྐྱལ་དགོཔ་ལས་ འགན་ཁུར་སྦོམ་ཡོད་པའི་ཁར་ མགུ་རྙོགས་ཅན་གྱི་ འགན་ཁུར་ཅིག་ཨིན་པས།

ལྷོཔ་ཚུ་གིས་ ཚེ་འདས་ཀྱི་ཕུངམ་ཚུ་ མེ་སྦྱང་འབད་ནི་མེད་པའི་ཁར་ ས་དོང་ནང་ཡང་ སྦས་ནི་མེད་པའི་ཁར་ ཕུངམ་ཚུ་ ཤིང་སྒྲོམ་ནང་བཙུགས་ཏེ་ ཕྱི་ཁར་ལས་རྩིགཔ་རྐྱབ་སྟེ་ རང་སོའི་ས་ཆ་ནང་ བཞག་དོ་ཡོདཔ་ཨིན་པས།

ཕུངམ་དེ་ རྨགཔ་དང་ ཨམ་སྲུ་ཚུ་གིས་འབག་སྟེ་ རོམ་བུ་ཚུན་བསྐྱལ་དགོ་པའི་ཁར་ ནང་མི་ཨིན་པ་ཅིན་ ནང་མི་ཅིག་གིས་འབག་དགོཔ་ཨིན་པས།

སྤྱི་ལོ་༢༠༠༣ ལུ་ སེངྒེ་མི་སྡེ་ནང་ལས་ཨིན་མི་ ཌོ་ཡ་གྱི་ཕོ་སྐྱེས་ཅིག་ དགེ་འདུ་ལུ་ འགྱོ་བའི་ཤུལ་ལས་ལོག་ཁྱིམ་ནང་ མ་ལྷོད་མི་དེ་ ད་ལྟོ་ཡང་ མ་ལྷོད་པར་ཡོདཔ་ད་ ཁོ་རའི་བུ་རྣམ་རྒྱལ་ཚེ་རིང་ཌོ་ཡ་དེ་ ད་རེས་ སྐྱེས་ལོ་༢༢ ལང་ཡོདཔ་ཨིན་པས།

ང་གི་ཨའི་གིས་ ཨ་པ་དེ་ ལོག་སྟེ་ལྷོད་པའི་རེ་བ་བསྐྱེད་དེ་ ད་ལྟོ་ཡང་ ཁོ་ར་ ཚེ་ལས་འདས་ཡོདཔ་སྦེ་ གསལ་སྟོན་མ་འབད་བར་ཡོད་ཟེར་ ཁོ་གིས་བཤད་པའི་ཁར་ ཁོ་གི་དོན་ལུ་ རོམ་བུ་དེ་ཡང་ མ་བཟོ་བར་ཡོདཔ་ཨིན་པས།

སེངྒེ་ལུ་ཡོད་མི་ ཨ་ལོ་གཅེས་སྐྱོང་ལྟེ་བའི་ རིན་ཆེན་བཟང་མོ་ཌོ་ཡ་གིས་ སླབ་མིའི་ནང་ མི་སྡེ་ནང་སྡོད་མི་ཚུ་གིས་ ལམ་སྲོལ་ཚུ་བདག་འཛིན་འཐབ་མི་ལུ་ དགའ་ཚོར་ཡོད་རུང་ མི་སྡེ་ནང་ ནང་མི་ནང་འཁོད་ལུ་ གཉེན་རྐྱབ་ནིའི་སྲོལ་དེ་ ད་ལྟོ་ཡང་ཡོདཔ་ལས་ མི་ཚུ་གིས་ མ་འོངས་པའི་ནང་ཡང་ འཕྲོ་མཐུད་དེ་བཞག་ནི་ལས་ ཐེ་ཚོམ་ཡོད་ཟེར་ཨིན་པས།

ཕྱི་རུ་ཉིམ་འཛུལཝ་དང་འབྲེལ་ ཆརཔ་ཆད་ནི་དེ་གིས་ སངས་རྒྱས་བུ་དར་གྱིས་ མོ་རའི་ཨ་ཞང་གི་ཚོང་ཁང་ནང་ལས་ ཕྱི་ཁར་ཐོན་ཏེ་ མོ་རའི་ཨ་ལཱན་ཅིའི་ཞིང་ནང་ ལཱ་མཇུག་བསྡུ་བར་འགྱོ་བའི་སྐབས་ མོ་རའི་ ཨོལ་ལྐོག་གུ་བཏགས་ཡོད་མི་ བྱི་རུ་ཚུ་གུ་ ཉིམ་འཛུལ་བའི་ཟེར་ཕོགཔ་ད་ འོད་ཆེམ་ཆེ་སྦེ་ ཐོནམ་ཨིན་པའི་གནས་ཚུལ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *