མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨོྱན་དབང་ཕྱུག་མཆོག་ ཚོགས་སྡེའི་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ་དང་ ལྷན་བཞུགས།

ལྷོ་ཨེ་ཤི་ཡཱན་ ཨོ་ལིམ་པིག་ཚོགས་སྡེའི་ཞལ་འཛོམས་ འགོ་བཙུགས་ཡོདཔ།

༉ ལྷོ་ཨེ་ཤི་ཡཱན་ཨོ་ལིམ་པིག་ཚོགས་སྡེ་གིས་ ཉིན་གྲངས་༢ ཀྱི་རིང་ འགོ་འདྲེན་འཐབ་ནི་ཨིན་མི་ ཞལ་འཛོམས་དེ་ ཁ་ཙ་ལས་ ཐིམ་ཕུག་ལུ་སྦེ་ འགོ་བཙུགས་ཅི།

འབྲུག་ཨོ་ལིམ་པིག་ཚོགས་སྡེ་གི་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ བང་ལ་དེཤ་དང་ མཱལ་དིབསི་ ནེ་པཱལ་ པ་ཀིས་ཏཱན་ རྒྱ་གར་ དེ་ལས་ ཤྲི་ལངྐ་རྒྱལ་ཁབ་ཚུ་ལས་ ཚོགས་སྡེའི་གཙོ་འཛིན་དང་ ཡོངས་ཁྱབ་དྲུང་ཆེན་ཚུ་གིས་ ཞལ་འཛོམས་ནང་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ འཐུས་མི་ཚུ་ག་ར་ རྒྱལ་ཁབ་ནང་ འགོ་དང་པ་འོང་མི་ཚུ་ཨིནམ་ལས་ ཚོགས་སྡེའི་ངོ་ཚབ་ཚུ་གིས་ ཞལ་འཛོམས་ནང་ བཅའ་མར་གཏོགས་མི་དེ་ཡང་ འགོ་དང་པ་ཨིན་ཟེར་ཨིན་པས།
ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ མི་དབང་མཆོག་གི་སྐུ་ཚབ་དང་ ཚོགས་སྡེའི་གཙོ་འཛིན་ མི་དབང་རྒྱལ་སྲས་འཇིགས་རྒྱལ་ཨོྱན་དབང་ཕྱུག་མཆོག་གི་ དབུ་བཞུགས་ཐོག་ལུ་ ཞལ་འཛོམས་འགོ་འབྱེད་ འབད་ཡོདཔ་ཨིན་པས།
བློན་པོ་ནོར་བུ་དབང་ཕྱུག་གིས་ གསུངས་དོ་བཟུམ་འབད་བ་ཅིན་ འབྲུག་གིས་ སྤྱི་ལོ་༢༠༠༥ ལུ་ འགོ་དང་པ་ ལྷོ་ཨེ་ཤི་ཡཱན་ཨོ་ལིམ་པིག་གི་ཞལ་འཛོམས་ འགོ་འདྲེན་འཐབ་ཡོད་མི་དེ་ ལོ་ངོ་༡༢ ཀྱི་ ཧེ་མ་ཨིནམ་ལས་ ད་རེས་ གཙོ་འཛིན་མང་ཤོས་ར་ གསརཔ་གདམ་འཐུ་འབད་མི་ཚུ་འདུག་ཟེར་ ཨིན་པས།
ཨིན་རུང་ ལུང་ཕྱོགས་ནང་ རྩེད་རིགས་གོང་འཕེལ་གཏང་ནིའི་དོན་ལུ་ སེམས་ཤུགས་དང་མཉམ་འབྲེལ་འབད་མི་དེ་ མ་འགྱུར་བས་ཟེར་ཨིནམ་ད་ བློན་པོ་གིས་ གཞུང་དང་ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ འབྲུག་རྒྱལ་ཁབ་འདི་ རྩེད་རིགས་ཀྱི་རྒྱལ་ཁབ་ཅིག་སྦེ་ བཟོ་ནིའི་དོན་ལུ་ ལཱ་ཚུ་འབད་དོ་ཟེར་གསུངས་ཡི།
བློན་པོ་གིས་འབད་བ་ཅིན་ མི་ཚུ་གིས་ དུས་རྒྱུན་དུ་ རྩེད་རིགས་ནང་ གྲལ་གཏོགས་འབད་ཚུགསཔ་ བཟོ་ནིའི་དོན་ལུ་ གནས་སྟངས་ཚུ་ ཚུལ་ལྡན་ཅན་བཟོ་ནི་དང་ གོང་འཕེལ་གཏང་ནིའི་དོན་ལུ་ ཁས་བླངས་ཡོད་ཟེར་ཨིནམ་ད་ དེ་གི་དོན་ལུ་ གཙོ་རིམ་ངོ་མ་ར་ རྒྱལ་ཡོངས་ཀྱི་རྩེད་རིགས་སྲིད་བྱུས་བཟོ་ནི་དེ་ གལ་ཆེཝ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱིས་ རྒྱལ་ཡོངས་རྩེད་རིགས་སྲིད་བྱུས་ བརྩམ་ནིའི་དོན་ལུ་ བཀོད་རྒྱ་གནང་སྟེ་ ཡོད་ཟེར་ཨིན་པས།
ཚོགས་སྡེ་གིས་ ཞལ་འཛོམས་སྐབས་ལུ་ ལུང་ཕྱོགས་ནང་ རྩེད་རིགས་གོང་འཕེལ་གཏང་ནིའི་དོན་ལས་ གནད་དོན་སྣ་ཚོགས་ཐོག་ གྲོས་བསྟུན་འབད་ཡོདཔ་ད་ འཐུས་མི་ཚུ་གིས་ ཚོགས་སྡེའི་རྩ་ཁྲིམས་ནང་ སྤྱི་ལོ་༢༠༡༩ ལུ་ ནེ་པཱལ་ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ རྩེད་རིགས་ཀྱི་ ཚེས་གྲངས་ཚུ་ བསྐྱར་ཞིབ་འབད་ནིའི་སྐོར་ལས་ཡང་ གྲོས་བསྟུན་ཚུ་འབད་ཡི་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *