འབྲུག་པའི་རྐང་རྩེདཔ་ཚུ་ གྲ་སྒྲིག་འབད་བའི་བསྒང་།

ལྷོ་ཨེ་ཤི་ཡའི་ སྐྱེས་ལོ་༡༥ འོག་རྒྱུའི་ རྐང་རྩེད་འགྲན་བསྡུར་ མགྱོགས་པ་ར་ འགོ་བཙུགས་ནི།

༉ ཐིམ་ཕུག་ལྕང་གླིང་མི་ཐང་ནང་སྦེ་ སྐྱེས་ལོ་༡༥ འོག་རྒྱུ་འབད་མིའི་ ལྷོ་ཨེ་ཤི་ཡ་རྐང་རིལ་ཚོགས་སྡེའི་ རྐང་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་ནི་ལུ་ ཉིན་གྲངས་༣ ལས་མེདཔ་བཞིན་དུ་ ད་རེས་ནངས་པར་ འབྲུག་པའི་སྡེ་ཚན་གྱིས་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་ཨིན་པས།
འབྲུག་པའི་རྐང་རྩེདཔ་ཚུ་གི་གྲས་ལས་ སྤྱི་ལོ་༢༠༡༨ ལ་ རྒྱལ་ཡོངས་ཨམ་སྲུའི་རྐང་རྩེད་འགྲན་བསྡུར་ནང་ གཱོལ་མཐོ་ཤོས་༢༩ བཙུགས་མི་ གདོང་ཁར་རྩེད་མི་ སྐྱེས་ལོ་༡༤ ལང་མི་ བདེ་སྐྱིད་ལྷ་འཛོམས་དེ་ཨིནམ་ད་ མོ་གིས་ སླབ་མིའི་ནང་ མོ་གིས་ དུས་ཅི་ཡང་ གཱོལ་༣ དེ་ཅིག་ བཙུགས་ཚུགས་པའི་རེ་བ་ ཡོདཔ་ཨིན་པས།
མོ་གིས་ མོ་རའི་ཆ་རོགས་ ཡེ་ཤེས་བུ་དར་དང་ བསོད་ནམས་ལྷ་མོ་༢ ཀྱིས་ཡང་ གཱོལ་བཙུགས་པའི་རེ་བ་བསྐྱེད་དོ་ཡོདཔ་ད་ འདས་པའི་ལོ་ནང་ རྒྱ་གར་གྱི་སྡེ་ཚན་དང་གཅིག་ཁར་རྐྱབ་ད་ རྒྱལ་ཁ་འཐོབ་ཚུགས་པའི་ རེ་བ་ཡོད་་རུང་ སྦྱོང་བརྡར་ཉུང་མི་དང་ གནམ་གཤིས་གནས་སྟངས་ལུ་བརྟེན་ ལེགས་ཤོམ་སྦེ་ རྩེད་མ་ཚུགས་ཟེར་ཨིན་པས།
བདེ་སྐྱིད་དེ་ རིག་རྩལ་གྱི་ཐོག་ལས་ ཌི་བཱལ་རྐྱབ་ནི་དང་ གཱོལ་བཙུགས་མི་ཅིག་སྦེ་ མིང་གཏམ་ཐོན་ཡོདཔ་ད་ མོ་གིས་ སྐྱེས་ལོ་༧ ལས་ རྐང་རིལ་རྩེད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༩ ལུ་ འགོ་བཙུགས་ཀྱི་རྩེད་འགྲན་དེ་ ལྕང་གླིང་མི་ཐང་ནང་ རྒྱ་གར་དང་ ཤྲི་ལངྐའི་བར་ན་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་གི་ཤུལ་ལས་ ཉིནམ་དེ་ནང་ར་ བང་ལ་དེཤ་དང་ པ་ཀིསི་ཏཱན་གྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
འབྲུག་པའི་རྩེད་ཐེངས་དང་པ་དེ་ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ ཤྲི་ལངྐ་དང་གཅིག་ཁར་ རྩེད་འགྲན་འབད་ནི་ཨིན་པས།
དུས་ཅི་ དྲག་ཤོས་འགྲན་བསྡུར་ནང་ འབྲུག་དང་ བང་ལ་དེཤ་ རྒྱ་གར་ པ་ཀིསི་ཏཱན་ ནེ་པཱལ་ དེ་ལས་ ཤྲི་ལངྐ་རྒྱལ་ཁབ་༦ གིས་ དོ་འགྲན་འབད་ནི་ཨིན་པས།
འབྲུག་གིས་ འགོ་དང་པ་འགོ་འདྲེན་འཐབ་མི་ རྐང་རྩེད་འགྲན་བསྡུར་དེ་ སྤྱི་ཟླ་༨ པའི་ཚེས་༡༨ ལུ་ མཇུག་བསྡུ་ནི་ཨིནམ་ད་ དེ་ནང་ ན་གཞོན་བརྒྱ་ལས་བཅད་མི་ཚུ་གིས་ རྩེད་འགྲན་ནང་ བཅའ་མར་གཏོགས་ནི་ཨིནམ་བཞིན་དུ་ ལྷོ་ཨེ་ཤི་ཡ་རྒྱལ་ཁབ་ཚུ་ནང་ལས་ བརྡ་བརྒྱུད་ལས་ཁང་༢༥ དེ་ཅིག་ལས་ གནས་ཚུལ་བསྡུ་ལེན་འབད་བར་ འོང་ནིའི་རེ་བ་བསྐྱེདཔ་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *