༉ ཟ་མ་ཟ་གདོང་ལུ་བལྟ། འབད་མ་འབད་ཤུལ་ལུ་བལྟ་ཟེར་བའི་ དཔྱེ་བཟུམ་སྦེ་ རང་གིས་ ག་དེམ་ཅིག་ འབད་ཡོདཔ་ཨིན་ན་ གྲུབ་འབྲས་ལུ་ བལྟ་སྟེ་ཤེས་ཟེར་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སྤྱི་ཟླ་༦ པའི་ཚེས་༧ ལུ་ལུང་ཕྱོགས་རྒྱལ་ཁབ་༨ ཀྱི་ དབྱེ་དཔྱད་སྡེ་ཚན་འཐུས་མི་ཚུ་གི་ ཞལ་འཛོམས་ནང་ གསུངས་ཡི།
ད་ལྟོ་ འཚོགས་པའི་བསྒང་ཡོད་མི་ ཉིན་གྲངས་༤ འབད་མི་ དབྱེ་དཔྱད་ཞལ་འཛོམས་དེ་ཡང་ འབྲུག་དང་ ཨཱཕ་ག་ནིསི་ཏཱན་ བང་ལ་དེཤ་ རྒྱ་གར་ མཱལ་ཌིབསི་ ནེ་པཱལ་ པ་ཀིསི་ཏཱན་ དེ་ལས་ ཤྲི་ལངྐ་རྒྱལ་ཁབ་ཚུ་ལས་ འཐུས་མི་ཚུ་གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
བློན་ཆེན་གྱིས་ ཁྱིམ་བདག་དཔལ་སྐྱིད་དང་ ལྷ་དཀར་པོ་༢ ཀྱི་བར་ན་ རང་སོའི་ལས་འབྲས་ཀྱི་ དབྱེ་བ་ཚུ་ གཤིན་རྗེ་ཆོས་རྒྱལ་གྱིས་ དབྱེ་དཔྱད་འབད་དོ་བཟུམ་སྦེ་ རང་སོའི་ ལས་ཀྱི་གྲུབ་འབྲས་ཚུ་ཡང་ དབྱེ་དཔྱད་འབད་ནི་དེ་ གལ་ཆེ་ཟེར་ཨིན་པས།
དེ་འབདཝ་ལས་ རང་སོའི་རྒྱལ་ཁབ་ཀྱི་ དགའ་སྐྱིད་དེ་ དབྱེ་དཔྱད་འབད་ཚུགས་པ་ཅིན་ ག་ཅི་དེ་ དབྱེ་དཔྱད་འབད་མི་ཚུགས་ག་ཟེར་ གསུངས་པའི་ཁར་ བློན་ཆེན་གྱིས་ འཆར་གཞི་ཚུ་བཟོ་ནི་ལུ་ འཇམ་དོ་ཡོད་རུང་ འཆར་གཞི་ཚུ་ བསྟར་སྤྱོད་འབད་ནི་དེ་ ལཱ་ཁག་འདུག་ཟེར་གསུངས་ཡི།
དབྱེ་དཔྱད་ཐེངས་༤ པའི་ ཞལ་འཛོམས་དེ་ཡང་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ དབྱེ་དཔྱད་འབད་ཐངས་ཚུ་ བརྗེ་སོར་འབད་ནི་དང་མི་སྟོབས་ཡར་དྲག་གཏང་ནི་ དེ་ལས་ མཐུན་སྦྲེལ་བཟོ་ནིའི་དོན་ལུ་ ཨིན་པས།
གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཚུའི་གྲས་ལས་ དམིགས་བསལ་དུ་ ཨེ་ཤི་ཡ་ལུང་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་ནང་ འཆར་གཞི་གི་ ལས་སྣའི་གཞི་རྩ་ཚུ་ ཉམས་ཆག་འབད་བའི་ མཐོང་གསལ་བྱུང་ཡོདཔ་ལས་ དཀའ་ངལ་ཅན་གྱི་ མི་སྡེ་ཚུའི་དོན་ལུ་ དུས་མཐུན་གྱི་ དབྱེ་དཔྱད་འབད་དགོཔ་དེ་ གལ་ཆེ་བའི་དུས་ཚོད་ཅིག་ལུ་ འགྱུར་ནུག་ཟེར་ཨིན་པས།
དེ་མ་ཚད་ རང་བཞིན་གནས་སྟངས་ཚུ་ཡང་ མ་འོངས་པའི་དོན་ལུ་ ཉམས་སྲུང་འབད་ནི་དེ་ གལ་ཆེཝ་ལས་ ཞལ་འཛོམས་དེ་ཡང་ དམིགས་བསལ་དུ་ འབྲུག་ལུ་སྦེ་ དགའ་སྐྱིད་དང་ ཡུན་བརྟན་གོང་འཕེལ་ཟེར་བའི་ བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
དུས་ཅི་གི་ དབྱེ་དཔྱད་ཞལ་འཛོམས་སྐབས་ལུ་ གཙོ་བོ་ར་ དགའ་སྐྱིད་དང་ཡུན་བརྟན་གོང་འཕེལ་གཉིས་ཀྱི་ མཐུད་སྦྲེལ་ལུ་ གཞི་བཞག་སྟེ་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ཞལ་འཛོམས་དེ་ནང་ འཛམ་གླིང་སྤྱི་ཚོགས་དང་སྒེར་སྡེ་ གྲོགས་རམ་འབད་མི་ལས་སྡེ་དང་ ཞི་བའི་མི་སྡེ་ཚུ་གིས་ བཅའ་མར་གཏོགས་ནི་ཨིན་པས།
ལས་རིམ་ནང་ འཛམ་གླིང་ནང་ལས་ དབྱེ་དཔྱད་མཁས་མཆོག་ཚུ་གིས་ བཅའ་མར་གཏོགས་ཏེ་ གྲོས་བསྟུན་ཚུ་འབད་ནི་ཨིནམ་ལས་ འབྲུག་གཞུང་གི་ འགོ་དཔོན་དང་ གཞུང་མིན་ལས་སྡེའི་ ངོ་ཚབ་ཚུ་གིས་ དབྱེ་དཔྱད་ཀྱི་ཁྱད་རིག་ཚུ་ འཐོབ་ཚུགས་ནི་ཨིན་པས།
འབྲུག་ལུ་ ཞལ་འཛོམས་འགོ་འདྲེན་འཐབ་དགོ་མི་དེ་ཡང་ གཙོ་བོ་ར་ དགའ་སྐྱིད་ཀྱི་རྩ་བ་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལས་བརྟེན་ ཨིན་པའི་སྐོར་ལས་ འགོ་དང་པ་ རྒྱལ་ཁབ་ནང་ལས་ བྱུང་ཡོདཔ་ལས་ ལས་རིམ་དེ་ཡང་ འབྲུག་ལུ་འགོ་འདྲེན་འཐབ་མི་དེ་ གལ་གནད་ཅན་སྦེ་ མཐོངམ་མས་ཟེར་ཨིན་པས།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ འཕྲིན་ལས་རྣམ་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ དུས་ཀྱི་འགྱུར་བ་དང་བསྟུན་ རྒྱལ་ཁབ་ནང་འཁོད་ལས་ དབྱེ་དཔྱད་འབད་མི་དགོཔ་ གལ་ཆེ་བས་ཟེར་ཨིན་པས།
ད་ལྟོ་ཚུན་ ལས་རིམ་ཁག་༨ དེ་ཅིག་ དབྱེ་དཔྱད་འབད་ཚར་ཡོདཔ་མ་ཚད་ གཞུང་གིས་གྲོགས་རམ་འབད་མི་ ལས་རིམ་༢ དབྱེ་དཔྱད་འབད་བཞིན་དུ་ཡོད་པའི་ཁར་ ད་རེས་ཀྱི་ དབྱེ་དཔྱད་ཞལ་འཛོམས་དེ་ཡང་ དུས་མཐུན་གྱི་ ཞལ་འཛོམས་ཅིག་ཨིན་མས་ཟེར་བཤད་ཅི།
ཞལ་འཛོམས་དེ་གིས་ སྤྱི་ཟླ་༧ པའི་ནང་ལས་ འགོ་བཙུགས་ནི་ཨིན་མི་ ལོ་༥ འི་འཆར་གཞི་༡༢ པའི་དོན་ལུ་ཡང་ ཕན་ཐོགས་འབྱུང་འོང་ཟེར་བཤད་ཅི།
ལྷོ་ཨེ་ཤི་ཡའི་ དབྱེ་དཔྱད་ཞལ་འཛོམས་ཀྱི་གཙོ་འཛིན་ མ་ལཱི་ཀ་ ཨར་ ས་མ་ར་ན་ཡ་ཀི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཞལ་འཛོམས་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ འགོ་འདྲེན་འཐབ་སྟེ་ཡོད་ཟེར་ཨིན་པས།
མོ་གིས་ བཤད་མིའི་ནང་ ཞལ་འཛོམས་དེ་གིས་ གཙོ་བོ་ར་ རང་བཞིན་གནས་སྟངས་ཡུན་བརྟན་བཞག་ཐབས་དང་ མི་སྡེའི་གནས་སྟངས་ཚུའི་སྐོར་ལས་ བལྟ་འོང་ཟེར་ཨིནམ་ད་ གོང་འཕེལ་འགྱོ་བའི་དུས་ཚོད་ནང་ རྒུད་སྦོམ་ཤོས་ར་ དཀའ་སྡུག་མྱོང་མི་ མི་སྡེ་ལུ་ཕོག་སྟེ་འདུག་ཟེར་ ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།