འདས་པའི་བདུན་ཕྲག་༢ ནང་ ཚལ་ལུ་མེ་ཊིག་ཊཱོན་༢༤ དེ་ཅིག་ རིན་བསྡུར་འབད་ཡོདཔ་ཨིན་མས།

ལྷོ་མཚམས་རྫོང་ཁག་ཚུ་ནང་ ཚལ་ལུའི་ཐོན་སྐྱེད་མང་སུ་ཡོད་རུང་ སྤུས་ཚད་བྱང་ཉེས་ཡོདཔ།

༉ ལྷོ་མཚམས་རྫོང་ཁག་ཚུ་ནང་ དུས་ཚོད་འ་ནེམ་ཅིག་ཁར་ ཚལ་ལུ་བསྡུ་བསྒྱོམ་འབད་ནིའི་ དུས་ཚོད་ཨིནམ་ལས་ མི་སེར་སོ་ནམ་པ་ཚུ་ དངུལ་ཐོག་དེ་ བསྡུ་བསྒྱོམ་འབད་དེ་ འུར་བྱེལ་ལང་སར་ མཐོངམ་ཨིན་པས།
དགེ་ལེགས་ཕུག་ལུ་ཡོད་མི་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཚལ་ལུའི་དོ་ཚུ་འབག་འོང་མི་དེ་གིས་ ཁ་དོག་སེརཔོ་ལུ་འགྱུར་སར་མཐོང་པའི་ཁར་ སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ ཚལ་ལུའི་ཐོན་སྐྱེད་དེ་ ན་ཧིང་དང་ཕྱདཔ་ད་ དུས་ཅི་ལེགས་པས་ཟེར་སླབ་ཨིན་རུང་ སྤུས་ཚད་དེ་ མར་བབས་སོང་ནུག་ཟེར་ཨིན་པས།
ཚལ་ལུའི་སྤུས་ཚད་དེ་ སྦོམ་ཆུང་དང་ ཁ་དོག་གི་དབྱེ་བ་ ཕྱེ་ཚུགས་དོ་ཡོདཔ་ད་ སྤུས་ཚད་བྱང་ཉེས་ཐལ་མི་ལུ་བརྟེན་ མི་སེར་ཚུ་གིས་ གོང་ཚད་ཡང་ མར་བབས་སོང་ཡོདཔ་ཨིན་པས།
ཚལ་ལུ་རིན་བསྡུར་འབད་ནི་དེ་ འདས་པའི་བདུན་ཕྲག་ནང་ལས་ འགོ་བཙུགས་ཡོདཔ་ད་ གོང་ཚད་མཐོ་ཤོས་འཐོབ་མི་གིས་ དངུལ་ཀྲམ་༥.༩ དང་ སྦོམ་དང་ཆུང་ཀུ་བསྲེ་སྟེ་ཡོད་མི་ཚུ་གིས་ དངུལ་ཀྲམ་༢ རེ་ ཐོབ་ཡོདཔ་ཨིན་པས།
འདས་པའི་བདུན་ཕྲག་ནང་ མགོ་གསར་གླིང་རྒེད་འོག་ལས་ཨིན་མི་ བི་ཤལ་ནེ་པཱལ་གྱིས་ ཚལ་ལུ་༩༠༠༠ རིན་བསྡུར་འབད་བའི་སྐབས་ རིན་བསྡུར་མཐོ་ཤོས་འབད་མི་དེ་གིས་ དངུལ་ཀྲམ་༡༡,༠༠༠ བྱིན་ཡོདཔ་ཨིན་པས།
ཁོ་གིས་ ཐེངས་༢ པའི་སྐབས་ ཚལ་ལུ་ཕུད་རྡོག་༨༠༠༠ འབག་འགྱོཝ་ད་ ཚལ་ལུ་རེ་གིས་ དངུལ་ཀྲམ་༢ རེ་ཐོབ་ཡོདཔ་ད་ གོང་ཚད་དེ་ཡང་ སྦོམ་ཆུང་གི་ཁྱད་པར་ ཕྱེ་ཚུགས་པས་ཟེར་ཨིན་པས།
བི་ཤལ་གྱིས་ སླབ་མིའི་ནང་ ཚལ་ལུ་བསྡུ་བསྒྱོམ་འབད་ནི་དང་ བཏོག་ནི་ དེ་ལས་ རིན་བསྡུར་ཁང་ཚུན་ བསྐྱལ་བའི་ཟད་འགྲོ་ཚུ་ རྩིས་རྐྱབ་ད་ ཚལ་ལུ་རེ་ལུ་ དངུལ་ཀྲམ་༣ རེ་གནས་དོ་ཡོདཔ་ལས་ དངུལ་ཀྲམ་༣ ལས་ཉུངམ་སྦེ་བཙོང་པའི་སྐབས་ རྒུད་ཕོགཔ་མས་ཟེར་ཨིན་པས།
ང་གིས་ ཚལ་ལུ་ཞིང་༡༠ དེ་ཅིག་ གླ་ཁར་ལེན་ཡོདཔ་ལས་ དེ་ནང་ལས་ རྒུད་ཕོག་མི་ཚུ་ ལོག་འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ ཁོ་གིས་བཤད་པའི་ཁར་ ཁོ་གིས་ ཚལ་ལུ་ཞིང་རེ་ལུ་ དངུལ་ཀྲམ་༡༠,༠༠༠ དང་༦༠,༠༠༠ གི་བར་ན་སྦེ་ ཉོ་ཡོདཔ་ཨིན་པས།
ད་རེས་ དགེ་ལེགས་ཕུག་ལུ་ རིན་བསྡུར་འབད་བར་འབག་འོང་མི་ མང་ཤོས་ར་ རྩི་རང་དང་ འབྲུག་རྗེས་སྒང་ དེ་ལས་ ཏིང་ཏི་སྦིས་ལས་ འབག་འོང་དོ་ཡོདཔ་ད་ ཉིནམ་རེ་ནང་ རིན་བསྡུར་ཚར་༡༢ རེ་ འབད་དོ་ཡོདཔ་ཨིན་པས།
རིན་བསྡུར་འབད་ནི་ལུ་ སྒུག་སྡོད་མི་ ལི་ལ་ བ་ལཱབ་ པར་དཱན་ཨིནམ་ད་ ཁོ་ལུ་ཚལ་ལུ་ཤིང་༢༠༠ དེ་ཅིག་ཡོད་པའི་ཁར་ ཁོ་གིས་ འདས་པའི་བདུན་ཕྲག་ནང་ ཚལ་ལུ་ཕུད་རྡོག་༧༠༠༠ རིན་བསྡུར་འབད་བའི་སྐབས་ དངུལ་ཀྲམ་༡༩,༠༠༠ ཐོབ་ཡོདཔ་ད་ ཁ་ཙ་ ཕུད་རྡོག་༨༠༠༠ འབག་འོང་ནུག།
ཁོ་གིས་སླབ་མིའི་ནང་ ཚལ་ལུ་ཤིང་མང་ཤོས་ར་ ཤི་ཡོད་རུང་ ཐོན་སྐྱེད་ལེགས་ཤོམ་འདུག་ཟེར་ཨིན་རུང་ ཤིང་ཤི་ནི་འབད་མི་ཚུ་ནང་ རྡོག་མ་ཆུང་ཀུ་བཏགས་ནུག་ཟེར་ཨིན་པས།
ཁོ་གིས་ ན་ཧིང་ཤིང་༢༠༠༠ དེ་ དངུལ་ཀྲམ་༢༥༠,༠༠༠ སྦེ་ བཙོང་ཡོད་རུང་ དུས་ཅི་ དངུལ་ཀྲམ་༡༠༠,༠༠༠ དེ་ཅིག་ལས་ མི་ཐོབ་ནི་བཟུམ་འདུག་ཟེར་ཨིནམ་ད་ སྤུས་ཚད་དེ་ ལེགས་ཤོམ་ཡོད་པ་ཅིན་ གོང་ཚད་ལེགས་ཤོམ་ ཐོབ་ཐོབ་འོང་ཟེར་ཨིན་པས།
རིན་བསྡུར་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཚལ་ལུའི་གོང་ཚད་ཚུ་ ཚོང་འབྲེལ་གྱི་གནས་སྟངས་དང་འཁྲིལ་ འགྱོཝ་མས་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ ཚལ་ལུའི་ཐོན་སྐྱེད་ལེགས་ཤོམ་ཡོད་པ་ཅིན་ གོང་ཚད་མར་འབབ་འགྱོ་ནི་ཡོད་ཟེར་ཨིན་པས།
འཛིན་སྐྱོང་པ་ ནོར་བུ་དབང་འདུས་ཀྱིས་ སླབ་མིའི་ནང་ དུས་ཅི་ བང་ལ་དེཤ་ལུ་ ཕྱིར་བཙོང་འབད་མི་ཚུ་གིས་ཡང་ རིན་བསྡུར་ཁང་ནང་ལས་ རིན་བསྡུར་འབད་དོ་ཡོདཔ་ལས་ དེ་གིས་ འབྲུག་པའི་ཚལ་ལུ་བཙོང་མི་ཚུ་གིས་ གོང་ཚད་ལེགས་ཤོམ་ཐོབ་ཟེར་ཨིན་པས།
ད་རེས་ ཚལ་ལུ་ཕྱིར་བཙོང་འབད་མི་༨ ཀྱིས་ རིན་བསྡུར་ཁང་ནང་ བཅའ་མར་གཏོགས་ཡོད་པའི་ཁར་ ཚལ་ལུ་འབག་འོང་མི་དེ་ཡང་ ཟླཝ་འདི་ནང་ མང་སུ་འཐོན་འོང་ཟེར་ ཁོ་གིས་བཤད་ཅི།
ན་ཧིང་གི་ལོ་ནང་ སྤྱི་ཟླ་༡༡ པའི་ཚེས་༣༠ ཚུན་ རིན་བསྡུར་ཁང་ནང་ ཚལ་ལུ་མེ་ཊིག་ཊཱོན་༣ རིན་བསྡུར་འབད་ཚར་ཡོད་རུང་ དུས་ཅི་ ད་ལྟོ་ལས་ མེ་ཊིག་ཊཱོན་༢༤ རིན་བསྡུར་འབད་ཚར་ཡི་ཟེར་ཨིནམ་ད་ ན་ཧིང་ བསྡོམས་ཀྱིས་མེ་ཊིག་ཊཱོན་༤༩༠ རིན་བསྡུར་འབད་དེ་ སོ་ནམ་པ་ཚུ་གིས་ དངུལ་ཀྲམ་ས་ཡ་༡༣༡.༤༥ ཐོབ་ཡོད་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *