བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ གཡུས་མི་ཚུ་ལུ་ མེ་རླུང་རྒྱ་རྫི་ཚུ་ བགོ་བཀྲམ་འབད་བའི་བསྒང་།

ལྷུན་རྩེའི་ མི་སེར་ཚུ་ལུ་ མེ་རླུང་གེསི་རྒྱ་རྫི་༢༣༥ བཀྲམ་སྤེལ་འབད་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༡ ལུ་ ལྷུན་རྩེ་རྫོང་ཁག་ སུམ་པ་ལུ་ཡོད་པའི་ ས་སྣུམ་བཀྲམ་སྤེལ་ཁང་ནང་སྦེ་ བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ གཡུས་མི་༢༣༥ ལུ་ མེ་རླུང་གེསི་རྒྱ་རྫི་ཚུ་ བགོ་བཀྲམ་འབད་ཡོདཔ་ལས་ མི་སེར་ཚུ་གི་གནས་སྟངས་ བསྒྱུར་བཅོས་འབད་ཚུགས་ནི་ཨིན་པས།
སྒང་ཟུར་རྒེད་འོག་ གནས་གཡུས་ཚན་ལས་ ཨ་ལོ་༦ གི་ཨའི་ དབྱངས་ཅན་མཚོ་མོ་གིས་ དྲོ་པའི་ཆུ་ཚོད་༦ ལུ་ གཡུས་མི་ཆ་རོགས་ཚུ་དང་མཉམ་ མེ་རླུང་རྒྱ་རྫི་ལེན་པར་ འོང་ཡོདཔ་བཞིན་དུ་ ཐོབ་ཚུགསཔ་ལས་ སེམས་དགའ་ནུག།
མོ་གིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་ནང་ ཁྱིམ་ཚང་ཚུ་གིས་ བཞེས་སྒོ་འབད་ནིའི་དོན་ལུ་ མེ་རླུང་གེསི་ལག་ལེན་འཐབ་ནི་འགོ་བཙུགས་པའི་ཤུལ་ལས་ མཁོ་སྒྲུབ་འབད་ནི་ལུ་ བསྒུགས་ཏེ་ལོ་༣ ལང་ཡི་ཟེར་ ཨིན་པས།
མཁོ་མ་རྒེད་འོག་ ལམ་གོང་གཡུས་ཚན་ལས་ སྐྱེས་ལོ་༣༧ ལང་མི་ སེངྒེ་དཔལ་སྒྲོན་གྱིས་ སླབ་མིའི་ནང་ ལོ་མང་རབས་ཅིག་གི་སྔོན་ལས་ རེ་བ་བསྐྱེད་སྡོད་མི་དེ་ ད་རེས་རྐྱངམ་གཅིག་ལས་བརྒལ་ གྲུབ་མ་ཚུགས་ཟེར་ཨིནམ་ད་ ད་ལས་ཕར་ ཐབ་ཤིང་ལག་ལེན་འཐབ་ནི་དེ་ཡང་ མར་ཕབ་འབད་ཚུགས་ནི་མས་ཟེར་ཨིན་པས།
སྒང་ཟུར་ མ་གར་གཡུས་ཚན་ལས་ རྟ་མགྲིན་ཚེ་དབང་གིས་ སླབ་མིའི་ནང་ ནགས་ཚལ་ནང་ལས་ ཐབ་ཤིང་འཐུ་ནིའི་དོན་ལུ་ ཉིནམ་༡ ནང་ ཚར་༡ ལས་བརྒལ་ ལྷོད་མི་ཚུགས་ཟེར་ཨིནམ་ད་ དེ་ཡང་ སྒལ་ཏོ་ཁར་འབག་ཐོག་ལས་ བསྐྱལ་དགོ་ཟེར་ཨིན་པས།
ལྷག་པར་དུ་ རྟ་མགྲིན་ཚེ་དབང་དང་ ཆ་རོགས་ཚུ་གིས་འབད་བ་ཅིན་ ཐབ་ཤིང་སྣུམ་འཁོར་ཊཱག་༡ ལེན་པའི་སྐབས་ འཐུས་དངུལ་ཀྲམ་༡༥,༠༠༠ སྤྲོད་དགོཔ་ལས་ ཁག་འབགཔ་ཚུ་གི་འོག་ལུ་ ལཱ་འབད་བར་ ཨམ་སྲུ་དང་ ཨ་ལོ་ཚུ་ གཏང་དགོ་ཟེར་ཨིན་པས།
མ་གར་སོམ་ཤིང་སྤྱི་འོག་གི་ ཚོགས་པ་བསོད་ནམས་ལྷ་མོ་གིས་ སླབ་མིའི་ནང་ སྤྱི་འོག་ལས་ གུང་པ་༩༩ གིས་ མེ་རླུང་གེསི་གི་དོན་ལུ་ རྒེད་འོག་ནང་ ཡི་གུ་བཙུགས་ཡོད་མི་ལས་ གུང་པ་༢༢ ཀྱིས་མ་གཏོགས་ ཐོབ་མ་ཚུགསཔ་ཨིན་རུང་ ཤུལ་ལས་ གོ་སྐབས་གནང་ནིའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
མེ་རླུང་རྒྱ་རྫི་དེ་ལུ་བརྟེན་ རང་བཞིན་གནས་སྟངས་ ཉམས་སྲུང་འབད་ནི་ལུ་ ཕན་ཐོགས་ནི་ཨིནམ་མ་ཚད་ ཁྱིམ་ནང་ཡང་ གཙང་སྦྲ་དང་ལྡནམ་སྦེ་བཞག་སྟེ་ གཟུགས་ཁམས་འཕྲོ་བསྟེན་ ལེགས་བཅོས་འབད་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།
བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ དེ་ཁར་ སྤུངས་འཛོམས་འབད་མི་ མི་སེར་ཚུ་ལུ་ སླབ་མིའི་ནང་ གྲོང་གསེབ་ཀྱི་མི་སེར་ཚུ་གི་ དཀའ་ངལ་སེལ་ཐབས་དང་ རང་བཞིན་གནས་སྟངས་ལུ་ ཁེ་ཕན་འབྱུང་ཐབས་ལུ་ བགོ་བཀྲམ་འབད་དོ་ཡོདཔ་ལས་ ཉེན་སྲུང་དང་ལྡནམ་སྦེ་ ལག་ལེན་འཐབ་དགོ་ཟེར་ཨིན་མས།
ལུང་ཕྱོགས་ཚོང་འབྲེལ་ཡིག་ཚང་ལས་ འགོ་དཔོན་ཀརྨ་ཚེ་དབང་རིན་འཛིན་གྱིས་ སླབ་མིའི་ནང་ སྒང་ཟུར་དང་ མཁོ་མ་ དེ་ལས་ སྨན་སྦིས་རྒེད་འོག་༣ ལས་ མི་སེར་༣༥༠ གིས་ ཡི་གུ་བཙུགས་མི་ཚུ་ བསྟན་རྒྱས་ལྷན་ཁག་ནང་ཐོ་བཀོད་ཡོད་མེད་ ཞིབ་དཔྱད་འབད་བའི་ཤུལ་ལས་ མི་གྲངས་༡༡༥ གིས་ ཧེ་མ་ལས་ལེན་ཡོདཔ་ལས་ གུང་པ་༢༣༥ ལུ་ གོ་སྐབས་སྤྲོད་ཚུགས་ཅི་ཟེར་ཨིན་པས།
མོང་སྒར་ཁྲོམ་ནང་ཡོད་པའི་ ས་སྣུམ་བཀྲམ་སྤེལ་ལས་སྡེ་ཡིག་ཚང་ནང་ ཟླ་རིམ་བཞིན་དུ་ མེ་རླུང་རྒྱ་རྫི་༢༠༠༠ དེ་ཅིག་ བསམ་གྲུབ་ལྗོངས་མཁར་ ལུང་ཕྱོགས་ཡིག་ཚང་ལས་ལེན་ཏེ་ ཁྲོམ་དང་ གྲོང་གསེབ་ཀྱི་མི་སེར་ཚུ་ལུ་ བཀྲམ་སྤེལ་འབད་དོ་ཡོདཔ་བཞིན་དུ་ ལྷུན་རྩེ་རྫོང་ཁག་གི་དོན་ལུ་ སུམ་པ་ལུ་ཡོད་པའི་ ས་སྣུམ་བཀྲམ་སྤེལ་ཡིག་ཚང་ལས་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ ཟླ་རིམ་བཞིན་དུ་ མེ་རླུང་རྒྱ་རྫི་༦༠༠ རེ་ ལེན་དོ་ཡོདཔ་ཨིན་པས།
མི་སེར་ཚུ་ལས་ རྒྱ་རྫི་རེ་ལུ་ དངུལ་ཀྲམ་༢༠༢༦ ལེན་ཡོད་མི་ལས་ དངུལ་ཀྲམ་༡༤༥༠ ཉེན་བཅོལ་གྱི་ ཉེན་སྲུང་སྦེ་ བཙུགས་བཞག་དོ་ཡོདཔ་ལས་ གལ་སྲིད་ མི་སེར་ཚུ་གིས་ མ་དགོཔ་སྦེ་ རྒྱ་རྫི་སྤྲོད་པ་ཅིན་ ཏི་རུ་ལོག་སྤྲོད་ནི་ཨིན་པས།
ཚོང་འབྲེལ་འགོ་དཔོན་དང་འཁྲིལ་བ་ཅིན་ གྲོང་གསེབ་ཀྱི་མི་སེར་ཚུ་ལུ་ མེ་རླུང་རྒྱ་རྫི་ལག་ལེན་འཐབ་ཐངས་དང་ ཉེན་སྲུང་གི་དོན་ལུ་ གོ་བ་བརྡ་སྤྲོད་དང་ སྦྱོང་བརྡར་དུམ་གྲ་རེ་ བྱིན་ཡི་ཟེར་ཨིན་པས།
ཐེངས་དང་པའི་ནང་ མོང་སྒར་དང་ ལྷུན་རྩེ་ བསམ་རྩེ་ དེ་ལས་ གཞལམ་སྒང་རྫོང་ཁག་གི་ མི་སེར་ཚུ་ལུ་ སྤྱི་ཟླ་༢ པའི་ནང་ བཀྲམ་སྤེལ་འབད་ཡོདཔ་ད་ ད་རེས་ ལྷུན་རྩེ་རྫོང་ཁག་ནང་ བཀྲམ་སྤེལ་འབད་མི་དེ་ ཐེངས་༢ པ་ ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *