ལྷུན་རྩེའི་འདེམས་ངོ་༥ པོ་ཆ་ར་ གདམ་འཐུ་གྲུབ་ཡོདཔ།

ལྷུན་རྩེ་རྫོང་ཁག་གི་ རྒེད་འོག་༥ ལས་ དང་འདོད་ཅན་གྱི་རྒྱལ་ཡོངས་ཚོགས་སྡེའི་མི་ངོམ་སྦེ་ ཐོན་མི་ཚུ་ ག་ར་གིས་ རྒེད་འོག་འཛོམས་འདུ་ནང་ལས་ བཙག་འཐུ་གྲུབ་ཡོདཔ་ལས་ རྫོང་ཁག་གནས་ཚད་ནང་ དོ་འགྲན་འབད་ནི་ཨིན་པས།

དེ་ཡང་ ཁ་ཙ་ མི་ངོམ་ཡོད་མི་ རྒེད་འོག་མཇུག་ སྒང་ཟུར་རྒེད་འོག་གི་མི་སེར་ཚུ་གིས་ སྐྱེས་ལོ་༥༠ ལང་མི་ ཀུན་དགའ་དཔལ་འབྱོར་ལུ་ དགོ་ཟེར་བའི་ ཚོགས་རྒྱན་བཙུགས་ཐོག་ལས་ གདམ་འཐུ་འབད་ཡི།

འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ ལས་རིམ་བཟོ་མི་སྦེ་ ལོ་ངོ་༡༥ འི་རིང་ ལཱ་འབད་བའི་ཤུལ་ལས་ བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ དགོངས་ཞུ་འབད་ཡོདཔ་ཨིན་པས།

ཁོ་གིས་ ཁ་ཙ་ དགོ་ཟེར་མི་ ཚོགས་རྒྱན་༢༥༥ དང་ མི་དགོ་ཟེར་མི་༢༨ ཐོབ་ཅི།

ཁོ་གིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ལས་ རྫོང་ཁའི་མཐོ་རིམ་ཤེས་ཡོན་ མཇུག་བསྡུ་བའི་ཤུལ་ལས་ རྒྱང་བསྒྲགས་ལས་འཛིན་ནང་ ལཱ་འབད་ཡོདཔ་ད་ ཁོ་གིས་ རྒེད་འོག་འཛོམས་འདུའི་སྐབས་ལུ་ མི་སེར་ཚུ་ལུ་ རང་སོའི་ཚོགས་རྒྱན་དེ་ འོས་འབབ་ཡོད་པའི་ མི་ངོམ་ལུ་བཙུགས་ནི་དེ་ ཁག་ཆེ་བའི་སྐོར་ལས་བཤད་ཅི།

ཁོ་གིས་ བཤད་མིའི་ནང་ འདས་པའི་བཙག་འཐུ་ཚུ་ནང་ མི་ཚུ་གིས་ རང་མོས་རྣམ་དག་གི་ཐོག་ལས་ ཚོགས་རྒྱན་མ་བཙུགས་ནི་དེ་གིས་ ཤུལ་ལས་ མི་སེར་ཁོང་ར་ འདེམས་ངོ་དེ་གིས་ ཚོགས་ཁང་ནང་ གྲུབ་འབྲས་ཅན་ཅིག་ འབད་མ་ཚུགས་པར་ བློ་ཕམ་བྱུང་སར་ཡང་ མཐོང་ཡི་ཟེར་ཨིན་པས།

དེ་མ་ཚད་ ཁོ་གིས་ མི་མང་འཛོམས་མི་ཚུ་ལུ་ ཁོ་ར་ བཙག་འཐུ་འགྲུབ་ཚུགས་པ་ཅིན་ སྲིད་བྱུས་ཀྱི་ཐོག་ལས་ ལྷུན་རྩེ་རྫོང་ཁག་ནང་ དབུལ་ཕོངས་ཀྱི་དཀའ་ངལ་ཡོད་མི་དེ་ སེལ་ཐབས་འབད་ནི་ལུ་ ལཱ་རྩ་འགེངས་ཏེ་འབད་ནི་ཨིན་ཟེར་སླབ་ཅི།

ཁོ་གིས་ རྫོང་ཁག་ནང་ལས་ ཐོན་སྐྱེད་འབད་མི་ ཚོད་བསྲེའི་རིགས་ཚུ་ ཚོང་སྒྱུར་འཐབ་མ་ཚུགས་པར་ཡོད་པའི་ དཀའ་ངལ་ཡོད་མི་དེ་ཡང་ ཐབས་ལམ་བཏོན་ནི་ཟེར་ཨིན་པས།

སྤྱི་ཟླ་༣ པའི་ཚེས་༣ ལུ་ མཁོ་མ་རྒེད་འོག་གི་གདམ་ངོ་ རིག་འཛིན་རིག་འཛིན་གྱིས་ དགོ་ཟེར་མི་ཚོགས་རྒྱན་༢༦༩ དང་ མི་དགོ་ཟེར་མི་༦ ཐོབ་ཡོདཔ་ད་ ཁོ་གིས་ འགོ་ཐོག་བཙག་འཐུ་ནང་ བཙག་འཐུ་གྲུབ་ཡོད་རུང་ ཐེངས་༢ པའི་སྐབས་ ད་ལྟོའི་རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ བསྟན་པ་རྡོ་རྗེ་ལས་ ཕམ་ཡོདཔ་ཨིན་པས།

ད་རིས་ བཙག་འཐུ་འགོ་དཔོན་ཚུ་གིས་ སྨད་ཚོ་རྒེད་འོག་གི་ མི་སེར་ཚུ་ལུ་ བཙག་འཐུ་དང་འབྲེལ་བའི་ གོ་བརྡ་སྤྲོད་པར་འགྱོ་ནི་ཨིནམ་ད་ རྒེད་འོག་ནང་ལས་ གདམ་ངོ་མེད་པའི་ཁར་ སྨིན་རྗེ་དང་ བཙན་མཁར་རྒེད་འོག་ནང་ལས་ཡང་ གདམ་ངོ་མེདཔ་ཨིན་པས།

ལྷུན་རྩེ་རྫོང་ཁག་ནང་ རྒེད་འོག་༨ ཡོད་ས་ལས་ སྒང་ཟུར་རྒེད་འོག་ནང་ ཁྱད་ཚད་ལྡན་མི་ མཐོ་ཤོས་ཡོད་པའི་ཁར་ རྒྱ་རེད་རྒེད་འོག་ནང་ ཉུང་ཤོས་ཡོདཔ་ཨིན་པས།

སྒང་ཟུར་རྒེད་འོག་ནང་ མི་རློབས་མངམ་ཡོད་རུང་ རྒེད་འོག་འཛོམས་འདུའི་སྐབས་ དེ་ཅིག་འོང་མི་ མ་ཐོན་མི་དེ་ཡང་ མི་ཚུ་གིས་ རྒེད་འོག་གི་དོན་ལུ་ ཁྱིམ་གུང་རེ་ལས་ མི་ངོམ་རེ་ལས་བརྒལ་ མ་འོང་ནི་དེ་གིས་ཨིན་པས།

ཨིན་རུང་ དེ་ནང་ ཚོགས་རྒྱན་འགོ་དང་པ་ བཙུགས་པར་འོང་མི་ ན་གཞོན་དག་པ་ཅིག་ཡང་ཡོདཔ་ད་ རྒེད་འོག་འཛོམས་འདུ་དེ་ སྤྱི་ཟླ་༣ པའི་ཚེས་༨ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *