༉ འདས་པའི་ལོ་ངོ་བཅུ་ཕྲག་ལྷགཔ་ཅིག་གི་ཧེ་མར་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ལུ་ གྲ་སྒྲིག་འབདཝ་དང་གཅིག་ཁར་ སྤྱི་ལོ་༢༠༠༧ ཟླ་༤ པའི་ཚེས་༢༡ ལུ་ རྒྱལ་ཡོངས་ལུ་ དཔེ་སྟོན་ནམ་ གོམས་འདྲིས་བཙག་འཐུ་འབད་བའི་སྐབས་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁར་ཡོད་པའི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ མི་སྟོང་ཕྲག་ལས་བཅད་དེ་ འཛོམས་ཡོདཔ་ཨིན་པས།
དེ་བསྒང་ ལྷུན་རྩེ་རྫོང་ཁག་ འཇིགས་མེད་རྣམ་རྒྱལ་གྱི་གདན་ས་ ཀུར་སྟོད་དུང་དཀར་ལུ་ རྒྱལ་རབས་ཅན་གྱི་དུས་སྟོན་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ཡང་ སྐུ་ཉིད་ཐོག་ སྤྱན་གྱིས་གཟིགས་ནི་དང་ མི་སེར་ཚུ་ལུ་ ལམ་སྟོན་དང་ སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ སྐུ་ངོ་བོ་སྦེ་ར་བྱོན་ཏེ་ དཔེ་སྟོན་བཙག་འཐུ་ནང་ བྱོན་གནང་ནུག།
དཔེ་སྟོན་བཙག་འཐུའི་དོན་ལུ་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་དེ་ཡང་ དུང་དཀར་འཇིགས་མེད་རྣམ་རྒྱལ་གྱི་ སྣག་ཚང་གདོང་ཁར་ཡོད་མི་ སློབ་གྲྭ་ཆུང་བའི་ནང་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཀུར་སྟོད་རྒེད་འོག་གི་ གཡུས་ཚན་༢༤ ལས་ མི་སེར་༥༦༨ འཛོམས་ཡོདཔ་ཨིན་པས།
དེ་བསྒང་ མི་དབང་མངའ་ཞབས་མཆོག་གིས་ མི་སེར་ཚུ་ལུ་ དམངས་གཙོའི་རིང་ལུགས་ནང་ བཅའ་མར་གཏོགས་དགོཔ་ ཁག་ཆེ་བའི་སྐོར་ལས་ ཡང་བསྐྱར་དུ་ གསུངས་གནང་པའི་ཤུལ་ལུ་ དཔེ་སྟོན་བཙག་འཐུ་ནང་ མི་སེར་ཚུ་གིས་ བཅའ་མར་གཏོགས་སར་ གཟིགས་བཞུགས་ཡོདཔ་ཨིན་པས།
དེ་སྦེ་ དམངས་གཙོ་ཅན་གྱི་ བཙག་འཐུའི་བྱ་རིམ་དེ་ འགོ་འདྲེན་འཐབ་པའི་སྐབས་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ མི་སེར་གཞན་ཚུ་བཟུམ་སྦེ་ དུང་དཀར་གྱི་ མི་ཚུ་ཡང་ གྲ་སྒྲིག་མེད་པར་ རྣམ་རྟོག་ལང་སྟེ་ཡོད་རུང་ ད་རེས་ནངས་པར་ གནས་སྟངས་དེ་ བསྒྱུར་བཅོས་ཡར་སོང་ནུག།
དེ་བསྒང་ དུང་དཀར་སྣག་ཚང་གི་ ལྟག་ལུ་ཡོད་པའི་ དར་རྒྱས་སྒང་གཡུས་ཚན་ནང་ལས་ སྐྱེས་ལོ་༦༢ ལང་མི་ སེངྒེ་བཟངམོ་གིས་ཡང་ མི་དབང་མངའ་བདག་རིན་པོ་ཆེ་གི་ བཀའ་སློབ་ཉན་པའི་ཤུལ་ལས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ སྦྱང་བ་འབད་བའི་སྐབས་ འདྲོག་བྱེལ་འཐབ་སྟེ་ ཚར་དག་པ་ཅིག་ སྦྱང་བ་འབད་དགོཔ་ ཐོན་ཡོདཔ་ད་ ཤུལ་མའི་ བཙག་འཐུ་ངོ་མའི་སྐབས་ ཧ་ལམ་དོགས་པའི་ཐོག་ལུ་ ཚོགས་རྒྱན་བཙུགས་ཅི་ཟེར་ སེངྒེ་བཟངམོ་གིས་ བཤདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ དེ་བསྒང་ མོ་རའི་སེམས་གཡང་ཟ་བའི་ཁར་ རྒྱལ་ཁབ་ཀྱི་ མ་འོངས་པ་དེ་ ག་དེ་སྦེ་འགྱོ་འོང་ག་ཟེར་བའི་ ཚ་གྱང་ཡང་ ལང་ཡོད་རུང་ ད་ལྟོ་འབདཝ་ད་ ཚ་གྱང་དེ་ཅིག་ལང་དགོཔ་མེད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ད་ཚུན་ འདས་པའི་གཞུང་༢ ཀྱིས་ རང་སོའི་འགན་ཁུར་ཚུ་འབག་སྟེ་ ལེགས་ཤོམ་སྦེ་ ཕྱག་ཞུ་ཡོདཔ་ལས་ བློ་སྤོབས་ཚུ་ ཐོབ་ཡོད་རུང་ ང་བཅས་རའི་ ཨ་ལོའི་སྐབས་ཀྱི་ ཚ་གྱང་ལང་དོ་ཡོདཔ་ལས་ གཞུང་སྒྲིང་སྒྲི་གདམ་ཁ་རྐྱབ་ནི་དེ་ ཁག་ཆེཝ་སྦེ་ མཐོངམ་མས་ཟེར་ཨིན་པས།
མོ་བཟུམ་སྦེ་ ལྷུན་རྩེ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ མང་ཤོས་ཅིག་གིས་ ཚོགས་རྒྱན་ག་ལུ་ བཙུགས་ནི་ཨིན་ན་ ཤེས་པའི་ཁར་ ནང་ན་ལས་ ཐག་བཅད་དེ་ཡོདཔ་ཨིན་པས།
ད་རུང་ དུང་དཀར་སྣག་ཚང་ལས་ སྐྱེས་ལོ་༦༡ ལང་མི་ ནོར་བུ་ལ་གིས་འབད་བ་ཅིན་ ཚོགས་པ་ཚུ་གི་ ཁས་བླངས་གསལ་བསྒྲགས་ལུ་ ཡིད་ཆེས་མེད་མི་དེ་ཡང་ ཁོང་གི་ ཁས་བླངས་ཚུ་ ག་དེ་སྦེ་ འགྲུབ་ཚུགས་འོང་ག་ཟེར་ དོགས་པ་སྦོམ་ཡོད་ནི་དེ་གིས་ཨིན་ཟེར་ཨིན་པས།
ད་རུང་ བཙན་མཁར་རྒེད་འོག་ ཝམ་བུར་གཡུས་ཚན་ལས་ སྐྱེས་ལོ་༦༢ ལང་མི་ སྔོ་ཏི་མོ་གིས་ སླབ་མིའི་ནང་ མོ་གིས་ མི་སེར་ལུ་ ཕན་ཐོགས་མི་དང་ ཤ་ཚ་མི་གཞུང་ གདམ་ཁ་རྐྱབ་ནིའི་དོན་ལུ་ སྒུག་སྟེ་ཡོད་ཟེར་ཨིནམ་ད་ རྩ་བ་གསུམ་ལུ་ སེམས་ཀྱི་གདིང་ལས་ར་ ཕྱག་ཞུ་མི་གཞུང་ཅིག་ འཐོབ་བཅུག་ཟེར་བའི་ སྨོན་ལམ་བཏབ་དོ་ཟེར་ཨིན་པས།
ལྷུན་རྩེ་ལུ་ ཚོགས་རྒྱན་བཙུགས་མི་ མང་ཤོས་ཅིག་གིས་ སྲིད་ཚོགས་དང་ འདེམས་ངོ་ དེ་ལས་ ཁས་བླངས་ཚུ་གི་སྐོར་ལས་ ཤེས་དོ་ཡོདཔ་ད་ དེ་ཡང་ ཚོགས་པའི་གཙོ་འཛིན་དང་ འདེམས་ངོ་ཚུ་གི་ སྐུལ་བསྒྲགས་སྐབས་ ཤེས་རྟོགས་བྱུང་ཡོདཔ་ད་ ལ་ལོ་ཅིག་གིས་འབད་བ་ཅིན་ རྒྱང་མཐོང་ཊི་བི་ཐོག་ལས་ རྩོད་བསྡུར་དང་ ཚོགས་པ་དང་འབྲེལ་བའི་ བརྡ་དོན་ཚུ་གི་སྐོར་ལས་ གོ་རྟོགས་བྱུང་དོ་ཡོདཔ་ཨིན་པས།
དེ་དང་གཅིག་ཁར་ བཙག་འཐུ་རནམ་བཞིན་དུ་ རྫོང་ཁག་འོག་གི་ འདེམས་ཁོངས་༢ ཀྱི་ འདེམས་ངོ་ཚུ་གིས་ཡང་ ཁ་ཙ་ལས་ སྐུལ་བསྒྲགས་མཇུག་བསྡུ་ཡོདཔ་ད་ སྐུལ་བསྒྲགས་དེ་ཡང་ ལ་ལོ་ཅིག་གིས་ གཡུས་བཤལ་རྐྱབ་སྟེ་དང་ ལ་ལོ་ཅིག་གིས་ འཛོམས་འདུ་ཐོག་ལས་ འབད་ཡོད་པའི་གནས་ཚུལ།
ལྷུན་རྩེ་ལས་ ཚེ་རིང་རྣམ་རྒྱལ།