ལྷུན་རྩེཔ་ཚུ་གིས་ བཙག་འཐུ་ནང་ལས་ རྒྱལ་ཕམ་ཕྱེ་ནི་ལུ་དོ་འགྲན།

༉ རྒེད་འོག་སྦོམ་ཨིན་པའི་ཁར་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་ཀུན་མཉམ་ཚོགས་པའི་རྒྱབ་སྐྱོར་པ་ དེ་ལས་ འགྲེམ་ཐོག་ཚོགས་རྒྱན་ལུ་བརྟེན་ སྒང་ཟུར་-སྨིན་རྗེ་འདེམས་ཁོངས་ནང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཀུན་དགའ་དཔལ་འབྱོར་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

ཀུན་དགའ་དཔལ་འབྱོར་དེ་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༣༢༩༦ ཡོད་མི་ འདེམས་ཁོངས་ནང་ ཚོགས་རྒྱན་བཙུགས་མིའི་གྱངས་ཁ་ མཐོ་ཤོས་ཅིག་ཡོད་མི་ སྒང་ཟུར་རྒེད་འོག་ནང་ལས་ཨིནམ་ད་ ཁོ་གིས་ འགོ་ཐོག་བཙག་འཐུ་ནང་ཡང་ ཁོ་རའི་རྒེད་འོག་ནང་ལས་ མཐོ་ཤོས་ཐོབ་ཡོདཔ་བཞིན་དུ་ སྤྱིར་བཏང་བཙག་འཐུ་ནང་ཡང་ འཕྲུལ་ཆས་ཚོགས་རྒྱན་མཐོ་ཤོས་༨༡༠ ཐོབ་ཡོདཔ་ད་ ཁོ་གི་དོ་འགྲན་པ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཚེ་རིང་རྡོ་རྗེ་གིས་ འཕྲུལ་ཆས་ཚོགས་རྒྱན་༣༥༩ རྐྱངམ་གཅིག་ཐོབ་ནུག།

ཚེ་རིང་རྡོ་རྗེ་དེ་ མཁོ་མ་རྒེད་འོག་ལས་ཨིནམ་བཞིན་དུ་ ཁོ་གིས་ ཁོ་རའི་རྒེད་འོག་ནང་ལས་ ཚོགས་རྒྱན་མཐོ་ཤོས་༤༦༢ དང་ ཀུན་དགའ་དཔལ་འབྱོར་གྱིས་ ཚོགས་རྒྱན་བསྡོམས་༢༢༢ ཐོབ་ཡོདཔ་ད་ རྒེད་འོག་ནང་ ཐོ་བཀོད་ཅན་གྱི་ཚོགས་རྒྱན་བཙུགས་མི་༡༨༡༣ ཡོདཔ་ཨིན་པས།

ཨིན་རུང་ འགོ་ཐོག་བཙག་འཐུ་ནང་ ཚོགས་པའི་འདེམས་ངོ་ཡོདཔ་བཞིན་དུ་ ཀུར་སྟོད་རྒེད་འོག་དེ་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོད་རུང་ ད་རེས་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་ འབྲུག་མཉམ་རུབ་ཚོགས་པ་ལུ་ གཡོ་ཡོདཔ་ད་ དེ་ཡང་ རྒེད་འོག་དེ་ནང་ལས་ ཀུན་དགའ་དཔལ་འབྱོར་གྱིས་ ཚོགས་རྒྱན་༢༠༤ དང་ ཚེ་རིང་རྡོ་རྗེ་གིས་ ཚོགས་རྒྱན་བསྡོམས་༡༥༧ ཐོབ་ནུག།

ཨིན་རུང་ སྨིན་རྗེ་རྒེད་འོག་དེ་ སྦུག་ན་སྡོད་ཡོདཔ་ད་ འགོ་ཐོག་བཙག་འཐུ་ནང་ ཀུན་དགའ་དཔལ་འབྱོར་གྱིས་ རྒེད་འོག་དེ་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ་བཞིན་དུ་ སྤྱིར་བཏང་བཙག་འཐུ་ནང་ཡང་ ཚོགས་རྒྱན་༣༥༠ ཐོབ་སྟེ་ ཚོགས་རྒྱན་༢༧༥ ཐོབ་མི་ ཚེ་རིང་རྡོ་རྗེ་ལས་ རྒྱལ་ཁ་ཐོབ་ནུག།

དེ་བཟུམ་སྦེ་ ཀུན་དགའ་དཔལ་འབྱོར་གྱིས་ འགྲེམ་ཐོག་ཚོགས་རྒྱན་༥༥ གིས་ ཚེ་རིང་རྡོ་རྗེ་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

ཨིན་རུང་ སྨན་སྦིས་བཙན་མཁར་འདེམས་ཁོངས་ནང་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་ཀུན་མཉམ་ཚོགས་པའི་རྒྱབ་སྐྱོར་པ་ཚུ་གིས་ འབྲུག་མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

མ་གཞི་ འདེམས་ཁོངས་དེ་ནང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཆོས་སྐྱིད་རྒྱལ་མཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་རུང་ འགོ་ཐོག་བཙག་འཐུ་ནང་ ཁོ་གིས་ འཕྲུལ་ཐོག་ཚོགས་རྒྱན་ནང་ རྒེད་འོག་༤ ཡོད་ས་ལས་ རྒྱ་རས་དང་བཙན་མཁར་ དེ་ལས་ སྨན་སྦིས་རརྒེད་འོག་༣ ནང་ རྒྱལ་ཁ་ཐོབ་ཡོདཔ་ད་ སྨད་མཚོ་རྒེད་འོག་ནང་རྐྱངམ་གཅིག་ སོ་ནམ་བློན་པོ་བགྲེསཔ་དོ་འགྲན་འབད་ས་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

ཨིན་རུང་ སྤྱིར་བཏང་བཙག་འཐུ་ནང་ རྒྱ་རས་རྒེད་འོག་དང་ བཙན་མཁར་རྒེད་འོག་༢ འབྲུག་མཉམ་རུབ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོདཔ་ད་ སྨན་སྦིས་དང་ སྨད་མཚོ་རྒེད་འོག་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

རྒེད་འོག་༣ ནང་ ཆོས་སྐྱིད་རྒྱལ་མཚན་དང་ ཚེ་རིང་ཕུན་ཚོགས་༢ ཀྱི་བར་ན་ ཁྱད་པར་སྦོམ་མེད་མི་དེ་ཡང་ རྒྱ་རས་དང་བཙན་མཁར་རྒེད་འོག་ནང་ ཚེ་རིང་ཕུན་ཚོགས་ཀྱིས་ ཚོགས་རྒྱན་༢༡ དང་༤༨ ཀྱིས་ ཆོས་སྐྱིད་རྒྱལ་མཚན་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ སྨད་མཚོ་རྒེད་འོག་ནང་ཡང་ ཆོས་སྐྱིད་རྒྱལ་མཚན་གྱིས་ ཚོགས་རྒྱན་༡༨ ཀྱིས་མཐོ་སྟེ་ ཚེ་རིང་ཕུན་ཚོགས་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

ཨིན་རུང་ ཁྱད་པར་སྦོམ་དེ་ སྨན་སྦིས་རྒེད་འོག་དང་ འགྲེམ་ཐོག་ཚོགས་རྒྱན་གྱིས་ བཟོ་ཡོདཔ་ད་ དེ་ཡང་ ཆོས་སྐྱིད་རྒྱལ་མཚན་གྱིས་ རྒེད་འོག་ནང་ ཚེ་རིང་ཕུན་ཚོགས་ལས་ ཚོགས་རྒྱན་༡༢༢ ཀྱིས་ མཐོ་ཤོས་ཐོབ་ཡོདཔ་ཨིན་པས།

དེ་མ་ཚད་ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་༡༥༣༧ ཐོབ་མི་དེ་ ཚེ་རིང་ཕུན་ཚོགས་ཀྱི་ འགྲེམ་ཐོག་ཚོགས་རྒྱན་༡༢༤༦ ལས་༢༩༡ གིས་ མཐོ་སུ་ཐོབ་ཡོདཔ་བཞིན་དུ་ འཕྲུལ་ཆས་ཚོགས་རྒྱན་དང་ འགྲེམ་ཐོག་ཚོགས་རྒྱན་༢ ཆ་ར་ མཐོ་ཤོས་ཐོབ་ཡོདཔ་ཨིན་པས།

ཆོས་སྐྱིད་རྒྱལ་མཚན་གྱིས་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་ཡོངས་བསྡོམས་༡༤༠༤ ཐོབ་ཡོདཔ་ད་ ཚེ་རིང་ཕུན་ཚོགས་ཀྱིས་ ཚོགས་རྒྱན་༡༣༣༣ ཐོབ་ཡོདཔ་ཨིན་པས།

རྫོང་ཁག་ནང་ འགྱུར་བ་གི་དོན་ལུ་ འབྲུག་མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་དེ་ཡང་ གཙོ་བོ་གསོ་བའི་ཞབས་ཏོག་གི་ ཁས་བླངས་གསལ་བསྒྲགས་ལུ་ བལྟ་སྟེ་ཨིན་པས།

སྨིན་རྗེ་རྒེད་འོག་ནང་ལས་ སྐྱེས་ལོ་༥༦ ལང་མི་དོན་གྲུབ་ཀྱིས་ སླབ་མིའི་ནང་ ལོ་ན་ཚོད་རྒསཔ་ད་ སྨན་ཁང་དེ་མེད་ཐབས་མེདཔ་ཅིག་ཨིནམ་ལས་ དེ་བཟུམ་གྱི་ཞབས་ཏོག་ཚུ་ མི་སྡེ་ནང་སྤྲོད་ནིའི་ ཁས་བླངས་འབད་མི་དང་འཁྲིལ་ ཚོགས་རྒྱན་བཙུགས་ཅི་ཟེར་ཨིན་པས།

ཚོགས་རྒྱན་གྱི་ཉིནམ་གྱི་དྲོ་པར་ ཁོ་ར་ ལྷུན་རྩེ་རྫོང་ཁག་སྨན་ཁང་ནང་ ཁོ་རའི་ ཨམ་སྲུ་གི་ནད་གཡོགཔ་སྦེ་སྡོད་པའི་བར་ན་ ཚ་གྱང་འབག་སྟེ་ ཁོ་རའི་གཡུས་ཁར་ ཚོགས་རྒྱན་བཙུགས་པར་སོང་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ཁོ་ར་ད་ལྟོ་ གཟུགས་སྒྲིང་སྒྲི་ཡོད་རུང་ ཁོ་རའི་ཨམ་སྲུ་དེ་ ནཝ་ན་སར་སྡོད་མི་ཅིག་འབདཝ་ལས་ གཡུས་སྒོ་ནང་ སྨན་གྱི་ཞབས་ཏོག་དེ་ གནམ་མེད་ས་མེད་ཁག་ཆེ་མི་དེ་ཡང་ ད་ལྟོ་ ཕྱི་ཁར་སྨན་ཁང་ནང་འོངམ་ད་ ཟད་འགྲོ་མངམ་རྫོགསཔ་མ་ཚད་ ལཱ་སྟོང་རྐྱབ་མས་ཟེར་ཨིན་པས།

ཁས་བླངས་གསལ་བསྒྲགས་གཞན་ཚུ་གི་གྲས་ལས་ སློབ་རིམ་༡༠ པ་ཚུ་གི་དོན་ལུ་ སྐུགས་ཚད་མེདཔ་བཟོ་ནི་དང་ འགྲུལ་འཕྲིན་གྱི་ སྤྱོད་ཁྲལ་དགོངས་ཡངས་ དེ་ལས་ ཨ་ལུ་སྐྱེས་མི་ཨའི་ཚུ་གི་ འཐུས་ཀྱི་ཁས་བླངས་ཚུ་ལུ་བལྟ་སྟེ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

ཨ་ལུ་བདག་འཛིན་འཐབ་ནི་དེ་ ལཱ་དང་གཅིག་ཁར་ ལཱ་ཁག་རྐྱབ་དོ་ཡོདཔ་ལས་ ཟླཝ་༦ གི་འཐུས་བྱིན་ནིའི་ཁས་བླངས་འབད་མི་དེ་གིས་ ང་བཅས་ལུ་ ཕན་ཐོགས་སྦོམ་འབྱུང་ནི་ཨིནམ་ལས་ ཁམ་ཤིང་མེ་ཏོག་ལུ་བཙུགས་ཡི་ཟེར་ བཙན་མཁར་རྒེད་འོག་ནང་ལས་ བསོད་ནམས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ ཚེ་རིང་རྣམ་རྒྱལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *