འབྱ་ཞིང་ཚུ་ནང་ འབྱ་བསྡུ་བའི་བསྒང་ཡོད་མི་ ལྷུན་རྩེའི་སོ་ནམ་པ་ཚུ།

ལྷུན་རྩེཔ་ཚུ་གིས་ བཙག་འཐུའི་ཚོར་སྣང་གི་ བསམ་བཤད།

༉ སྤྱི་ཚོགས་༣ པའི་སྤྱིར་བཏང་བཙག་འཐུ་ ཉིནམ་དག་པ་ཅིག་གུ་ལྷོད་རུང་ ལྷུན་རྩེ་ལུ་ ཚོགས་རྒྱན་བཙུགས་མི་ཚུ་ ཁུ་སིམ་སི་སྦེ་ཡོདཔ་བཞིན་དུ་ ཕག་གླིང་ཁྲོམ་ཁར་བལྟ་བ་ཅིན་ མི་ཕུད་རྡོག་རེ་གཉིས་ལས་བརྒལ་ མཐོང་ནི་མིན་འདུག།

དེ་བཟུམ་སྦེ་ གཡུས་སྒོ་ཚུ་ནང་འབད་རུང་ སོ་ནམ་པ་མང་ཤོས་ར་ ད་རེས་ནངས་པར་ འབྱ་བསྡུ་ནིའི་དུས་ཚོད་དང་འཁྲིལ་ འབྱ་བསྡུ་ནི་ལུ་ ཤུགས་བཏོན་དོ་ཡོདཔ་མ་ཚད་ སོ་ནམ་པ་ལ་ལོ་ཅིག་ སྲིད་ཚོགས་ཀྱི་ གཙོ་འཛིན་ཚུ་གི་ སྐུལ་བསྒྲགས་འཛོམས་འདུ་ཚུ་ནང་ཡང་ བཅའ་མར་གཏོགས་ནིའི་ དུས་ཚོད་མེདཔ་ཨིན་པས།

བཙག་འཐུ་རན་མི་དང་བསྟུན་ ལྷུན་རྩེཔ་ཚུ་གིས་ བཙག་འཐུའི་སྐོར་ལས་ ལོ་རྒྱུས་ཚུ་ རྩ་ལས་ར་ མི་སླབ་དོ་ཡོདཔ་ད་ བཙག་འཐུའི་གནད་དོན་ཐོག་ ལོ་རྒྱུས་དུམ་གྲ་རེ་དྲི་རུང་ ལན་སླབ་ནི་ལུ་ གཡང་ཟ་སྟེ་ སྡོདཔ་ཨིན་པས།

སྨད་ཚོ་རྒེད་འོག་ལས་ ཚོགས་རྒྱན་བཙུགས་མི་ཅིག་གིས་ སླབ་མིའི་ནང་ ཁོང་གིས་ སྲིད་ཀྱི་སྐོར་ལས་ བློ་མ་སླབ་མི་དེ་ཡང་ སྲིད་ཀྱི་སྐོར་ལས་ བློ་སླབ་སར་གོ་བ་ཅན་ ལཱ་ཁག་རྐྱབ་འོང་ཟེར་བའི་ ཉེན་བརྡ་བྱིན་ཏེ་ཡོད་ཟེར་ཨིན་པས།

འགོ་ཐོག་བཙག་འཐུའི་སྐབས་ ལྷུན་རྩེ་རྫོང་ཁག་དེ་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པའི་བར་ན་ བགོ་བཤའ་རྐྱབ་ཡོདཔ་ད་ སྒས་ཟུར་-སྨིན་རྗེ་འདེམས་ཁོངས་ནང་འབད་བ་ཅིན་ འབྲུག་མཉམ་རུབ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོདཔ་ད་ དེ་བཟུམ་སྦེ་ སྨན་སྦིས་-བཙན་མཁར་རྒེད་འོག་ནང་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

དེ་མ་ཚད་ སྒང་ཟུར་-སྨིན་རྗེ་འདེམས་ཁོངས་དེ་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ བསྒྱུར་བ་གི་དོན་ལུ་

འབྲུག་མཉམ་རུབ་ཚོགས་པ་གིས་ རྒྱལ་ཁ་ཐོབ་མི་ འདེམས་ཁོངས་རྐྱངམ་གཅིག་ཨིན་པས།

འབྲུག་མཉམ་རུབ་ཚོགས་པ་གིས་ འདེམས་ཁོངས་ནང་ ཚོགས་རྒྱན་བསྡོམས་༢,༡༣༠ ཐོབ་སྟེ་ འབྲུག་ཕུན་སུམ་ཚོགས་པ་ལས་ ཚོགས་རྒྱན་༦༢༦ གིས་ རྒྱལ་ཁ་ཐོབ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༡,༠༩༡ དང་ འཕྲུལ་ཐོག་ཚོགས་རྒྱན་༡,༠༤༣ ཐོབ་སྟེ་ འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་༢ ཆ་རའི་ནང་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

ཨིན་རུང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་ཡོངས་བསྡོམས་༡,༥༠༤ ཡོད་མི་ལས་ འཕྲུལ་ཆས་ཚོགས་རྒྱན་༦༧༦ དང་ འགྲེམ་ཐོག་ཚོགས་རྒྱན་༨༢༨ ཐོབ་ཡོདཔ་ཨིན་པས།

མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༡,༣༠༢ དང་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༥༠༧ ཐོབ་ནུག།

འདེམས་ཁོངས་དེ་ནང་ སྤྱིར་བཏང་བཙག་འཐུའི་དོན་ལུ་ སྒང་ཟུར་རྒེད་འོག་ནང་ལས་ཨིན་མི་ འབྲུག་མཉམ་རུབ་ཚོགས་པའི་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ ལས་བྱེདཔ་བགྲེསཔ་ ཀུན་དགའ་དཔལ་འབྱོར་དང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ མཁོ་མ་རྒེད་འོག་ལས་ཨིན་མི་ ཞི་གཡོགཔོ་བགྲེསཔ་ ཚེ་རིང་རྡོ་རྗེ་༢ དོ་འགྲན་འབད་དོ་ཡོདཔ་ཨིན་པས།

འགོ་ཐོག་བཙག་འཐུའི་སྐབས་ ཀུན་དགའ་དཔལ་འབྱོར་གྱིས་ རྒེད་འོག་༤ ལས་ ཁོ་རའི་རྒེད་འོག་སྒང་ཟུར་དང་ དེ་ལས་ སྨིན་རྗེ་རྒེད་འོག་༢ ནང་ལས་རྒྱལ་ཁ་ཐོབ་ཡོདཔ་ད་ ཚེ་རིང་རྡོ་རྗེ་གིས་ ཁོ་རའི་ མཁོ་མ་རྒེད་འོག་ནང་ལས་ རྒྱལ་ཁ་ཐོབ་ཡོད་རུང་ ཀུར་སྟོད་རྒེད་འོག་ནང་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ནུག།

མཐོང་མི་ཚུ་གིས་ སླབ་མིའི་ནང་ སྒང་ཟུར་རྒེད་འོག་དེ་ འདེམས་ཁོངས་ནང་ རྒེད་འོག་སྦོམ་ཤོས་ཅིག་ཨིན་པའི་ཁར་ ཀུན་དགའ་དཔལ་འབྱོར་དེ་ འགོ་ཐོག་བཙག་འཐུ་ནང་ རྒྱལ་ཁ་ཐོབ་མི་དེ་ ཁོ་ལུ་ བཟའ་ཚང་སྦོམ་ཡོད་པའི་ཁར་ ཁོ་རའི་གནས་ཚང་ཡང་ རྒེད་འོག་གི་གཡུས་ཚན་ཅིག་ནང་ལས་ཨིན་མི་ལུ་བརྟེན་ ཁེ་ཕན་བྱུང་ནུག་ཟེར་ཨིན་པས།

སྨན་སྦིས་-བཙན་མཁར་འདེམས་ཁོངས་ནང་འབད་བ་ཅིན་ འགོ་ཐོག་བཙག་འཐུ་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༣༣༡ གིས་ འབྲུག་མཉམ་རུབ་ཚོགས་པ་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ འཕྲུལ་ཐོག་ཚོགས་རྒྱན་ནང་ རྒེད་འོག་༤ ལས་རྒྱ་རས་དང་སྨན་སྦིས་ དེ་ལས་ བཙན་མཁར་རྒེད་འོག་ ༣ ཆ་རའི་ནང་ ཚོགས་རྒྱན་མཐོ་ཤོས་རྒྱལ་ཁ་ཐོབ་ཡོད་རུང་ འབྲུག་མཉམ་རུབ་ཚོགས་པ་གིས་ རྒེད་འོག་༡ ནང་ཡང་ རྒྱལ་ཁ་ཐོབ་སྟེ་མེདཔ་ད་ སྨད་ཚོ་རྒེད་འོག་དེ་ སོ་ནམ་བློན་པོ་བགྲེསཔ་གི་ རྒེད་འོག་ཨིན་མི་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ནུག།

ཨིན་རུང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་པ་༤ ཆ་ར་ལས་ འགྲེམ་ཐོག་ཚོགས་རྒྱན་མཐོ་ཤོས་༩༣༥ ཐོབ་བཞིན་དུ་ འཕྲུལ་ཐོག་ཚོགས་རྒྱན་༦༨༥ འབདཝ་ད་ ཚོགས་རྒྱན་བསྡོམས་༡༦༢༠ ཐོབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ འཕྲུལ་ཐོག་ཚོགས་རྒྱན་༡༠༣༧ དང་ འགྲེམ་ཐོག་ཚོགས་རྒྱན་༩༡༤ འབདཝ་ད་ ཚོགས་རྒྱན་བསྡོམས་༡༩༥༡ ཐོབ་ཡོདཔ་ཨིན་པས།

འདེམས་ཁོངས་དེ་ནང་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༡༢༡༦ དང་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༤༤༠ ཐོབ་ནུག།

འདེམས་ཁོངས་དེ་ནང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཞི་གཡོགཔ་བགྲེསཔ་ཨིན་མི་ ཆོས་སྐྱིད་རྒྱལ་མཚན་དང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཞིབ་འཚོལ་པ་བགྲེསཔ་ ཚེ་རིང་ཕུན་ཚོགས་༢ ཀྱིས་ དོ་འགྲན་འབད་ནི་ཨིན་པས།

མིག་གིས་ མཐོང་མི་ཚུ་གིས་ སླབ་མིའི་ནང་ ཚོགས་པ་༢ ག་གིས་ རྒྱལ་ཁ་འཐོབ་ནི་ཨིན་ན་དེ་ ཐོན་འགྱོ་མི་ཚོགས་པ་༢ ཀྱི་ རྒྱབ་སྐྱོར་པ་ཚུ་ལུ་ རག་ལས་ནི་ཨིན་པས།

ཚོགས་པ་༢ ཀྱི་འགོ་འདྲེན་པ་ཚུ་གིས་ སླབ་མིའི་ནང་ ད་ཚུན་ ཚོགས་པ་༢ ཀྱི་རྒྱབ་སྐྱོར་པ་ཚུ་ འདྲན་འདྲ་སྦེ་ བགོ་བཤའ་རྐྱབ་སྟེ་ཡོད་རུང་ མཐའན་མཇུག་ཁར་ ག་ཏེ་བཙུགས་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་ རྫོང་ཁག་འགོ་འདྲེན་པ་ ཀརྨ་གིས་ སླབ་མིའི་ནང་ མ་གཞི་ ཚོགས་པའི་འདེམས་ངོ་གིས་ འདེམས་ཁོངས་ནང་ལས་ རྒྱལ་ཁ་ཐོབ་རུང་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་ཀུན་མཉམ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ ག་དེ་སྦེ་འབད་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།

ཁོ་གིས་ བཤད་མིའི་ནང་ ཐོན་འགྱོ་མི་ཚོགས་པ་༢ ཀྱི་འཐུས་མི་ཚུ་གིས་ གདོང་ཁར་ ཚོགས་པ་ལུ་རྒྱབ་སྐྱོར་ཡོད་ཟེར་ སླབ་པའི་ཁར་ ཚོགས་པ་གཞན་ལུ་ཡང་ ཅོག་འཐདཔ་སྦེ་སླབ་ནི་དེ་གིས་ བློ་གཏད་མི་ཚུགས་པས་ཟེར་ཨིན་པས།

དེ་བཟུམ་སྦེ་ འབྲུག་ཕུན་སུམ་ཚོགས་པའི་ རྫོང་ཁག་འགོ་འདྲེན་པ་ ཀརྨ་ཆོས་སྐྱིད་ཀྱིས་ འགོ་ཐོག་བཙག་འཐུ་ནང་ ཚོགས་པའི་སྒང་ཟུར་-སྨིན་རྗེ་འདེམས་ངོ་ ཕམ་སོ་མི་དེ་ རྒེད་འོག་ནང་ལས་ དོ་འགྲན་འབད་མི་ཚོགས་པ་༢ ཀྱི་ འདེམས་ངོ་འཐོན་མི་ལུ་བརྟེན་ཨིན་ཟེར་ བཤད་པའི་ཁར་ ད་ལྟོ་ འདེམས་ཁོངས་༢ ཆ་རའི་ནང་ རྒྱབ་སྐྱོར་པ་ཚུ་ ཧེ་མ་དང་ཕྱདཔ་ད་ ཧེང་སྐལ་ར་ སྒྲིང་སྒྲི་སོང་ཡི་ཟེར་ཨིན་པས།

མོ་གིས་ སླམ་མིའི་ནང་ ཐོན་འགྱོ་མི་ཚོགས་པ་༢ ཆ་རའི་རྒྱབ་སྐྱོར་པ་ཚུ་གིས་ ཁ་གིས་ རྒྱབ་སྐྱོར་ཡོད་ལུགས་ཚུ་ བཤད་དོ་ཡོད་རུང་ ད་ལྟོ་ ཏན་ཏན་སྦེ་ སླབ་མི་ཤེས་པས་ཟེར་ཨིནམ་ད་ མི་སེར་ཚུ་གིས་ ཚོགས་པའི་གཙོ་འཛིན་༢ ཆ་རའི་སྐུལ་བསྒྲགས་ནང་ བཅའ་མར་གཏོགས་ནི་དེ་གིས་ སྲིད་ཚོགས་ལེགས་ཤོམ་ལུ་ རྒྱབ་སྐྱོར་འབད་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།

ད་རེས་ནངས་པ་ གཡུས་སྒོ་བཤལ་སྐུལ་བསྒྲགས་ཚུ་ ཚ་ངེར་བཏོན་འབད་དོ་ཡོདཔ་ད་ རྫོང་ཁག་ནང་ བཙག་འཐུ་དེ་ དོ་འགྲན་ཅན་འོང་ནིའི་ རེ་བ་བསྐྱེད་དོ་ཡོད་པའི་གནས་ཚུལ།

ལྷུན་རྩེ་ལས་ ཚོ་རིང་རྣམ་རྒྱལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *