བཟང་མོ་གིས་ ས་རྫམ་བཟོ་བའི་བསྒང་།

ལྷུན་རྩེ་སྒང་ཟུར་ལུ་ ས་རྫམ་བཟོ་ནིའི་ལམ་སྲོལ་ ཉམས་འགྱོ་བའི་ཚ་གྱང།

༉ ད་རེས་ འབྲུག་མི་ཚུ་གིས་ ས་རྫམ་ལག་ལེན་འཐབ་ནི་ འགོ་བཙུགས་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ སྔར་སྲོལ་ལམ་ལུགས་ གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་བྱུང་ཡོདཔ་མ་ཚད་ དེ་ལུ་བརྟེན་ མཐའ་ཟུར་གཡུས་ཚན་གྱི་ འཚོ་བའི་གནས་ཚད་ ཡར་དྲག་གཏང་ནི་ལུ་ཡང་ ཕན་ཐོགས་བྱུང་སྟེ་ཡོདཔ་ཨིན་པས།ས་རྫམ་ཐོན་ས་ངོ་མ་ ལྷུན་རྩེ་རྫོང་ཁག་ སྒང་ཟུར་གཡུས་ཚན་ནང་ཨིནམ་ད་ ད་རེས་ ས་རྫམ་བཟོ་མི་༣ ཡོད་ས་ལས་༢ ཨམ་སྲུ་དང་༡ ཕོ་སྐྱེས་ཨིནམ་ད་ ས་རྫམ་དེ་ ག་དེམ་ཅིག་བཟོ་རུང་ བཙོང་མ་ཚུགས་པའི་ ཚ་གྱང་མེདཔ་མ་ཚད་ འཕྲལ་འཕྲལ་ར་ མཁོ་མངགས་འབད་མི་ མངམ་ཐོན་དོ་ཡོདཔ་ལས་ རྫམ་གྱིས་ལང་མ་ཚུགས་པའི་ དཀའ་ངལ་དུམ་གྲ་རེ་ ཐོན་དོ་ཡོདཔ་ཨིན་པས།འབྲུག་མི་ཚུ་གིས་ ས་རྫམ་ལུ་ སྤྲོ་བ་སྦོམ་བསྐྱེད་མི་དེ་ རྫམ་ནང་བཟོ་མི་བཞེས་སྒོ་ཚུ་ བཅུད་དང་ལྡན་ཏོག་ཏོ་ཡོདཔ་མ་ཚད་ མང་ཤོས་ཅིག་གིས་ ཆང་བསྐོལ་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ད་ རྫམ་ཉོ་མི་ རྫོང་ཁག་གི་ མི་ཚུ་གིས་མ་ཚད་ ས་ཐག་རིང་ས་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ཚུ་ལས་ཡང་ འོང་དོ་ཡོདཔ་ཨིན་པས།རྫམ་བཟོ་མི་ བཟང་མོ་གིས་ སླབ་མིའི་ནང་ ས་རྫམ་བཟོ་ནིའི་སྲོལ་དེ་ ཉམས་འགྱོ་ནིའི་ གནས་ཚད་ཁར་ལྷོདཔ་ཅིག་ ཁོང་གིས་ཧོངས་ལས་ རྫམ་དེ་ ལོག་བཟོ་ཐོག་ལས་ བཙོང་ནི་འགོ་བཙུགས་པའི་སྐབས་ མི་ཚུ་གིས་ ལག་ལེན་འཐབ་ནི་ལུ་ སྤྲོ་བ་བསྐྱེད་པའི་ཤུལ་ལས་ ད་རེས་ གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།སྐྱེས་ལོ་༤༨ ལང་མི་ བཟང་མོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ས་རྫམ་བཟོ་མི་ཁོང་༤ ཡོད་ས་ལས་ ད་རེས་ ཁོང་༢ ལུ་ལྷོད་ཡོདཔ་ཨིན་རུང་ ལོ་དག་པ་ཅིག་གི་ཧེ་མར་ ཏྭ་ར་ཡ་ན་གཞི་ཚོགས་ཀྱིས་ རྒྱབ་སྐྱོར་ཐོག་ལས་ ན་གཞོན་བུཚ་ཅིག་ཡང་ ས་རྫམ་བཟོ་མི་སྦེ་ ལྷབ་སྦྱང་འབད་ནི་ འགོ་བཙུགས་པའི་ཤུལ་ལས་ ད་རེས་ ཁོང་༣ ཡོད་ཟེར་ཨིན་པས།བཟང་མོ་གིས་འབད་བ་ཅིན་ མོ་གིས་ རྫམ་བཟོ་ནི་དེ་ མོ་རའི་ཨང་རྒས་ལས་ ལྷབ་ཅིག་ཟེར་ཨིནམ་ད་ ད་རེས་ མོ་འབདཝ་ད་ ས་རྫམ་བཟོ་མི་ མི་བརྒྱུད་ཐེངས་༣ འགྱོ་དོ་ཟེར་ཨིནམ་ད་ མོ་ལུ་ཚ་གྱང་ངོ་མ་ར་ མོ་རའི་ཨ་ལོ་༤ གི་གྲས་ལས་༡ རྐྱངམ་གཅིག་གིས་ རྫམ་བཟོ་ནི་ལུ་ དུམ་གྲ་ཅིག་ སྤྲོ་བ་བསྐྱེདཔ་མ་གཏོགས་ གཞན་མི་ཚུ་གིས་ སྤྲོ་བ་མི་ལེན་དོ་ཡོདཔ་ལས་ སྔར་སྲོལ་ལམ་ལུགས་དེ་ ཉམས་འགྱོ་ནིའི་ཉེན་ཁ་ཡོད་མི་དེ་ ཨིན་ཟེར་ཨིན་པས།བཟང་མོ་གིས་ ཉིནམ་རེ་ལུ་ ས་རྫམ་༢༥ དེ་ཅིག་ བཟོ་ཚུགས་དོ་ཡོད་མི་ལས་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༧༠,༠༠༠ དང་༨༠,༠༠༠ གི་བར་ན་ འཐོབ་ཚུགས་དོ་ཡོདཔ་ད་ མོ་རའི་ཆ་རོགས་ཀྱིས་ དངུལ་ཀྲམ་འབུམ་ལས་བཅད་དེ་ ཐོབ་ཚུགས་མི་དེ་ སོ་ནམ་ལཱ་འབད་ནི་མེད་པར་ རྫམ་བཟོ་ནི་ལུ་ར་ ཤུགས་བཏོན་ནི་དེ་གིས་ ཨིན་པས།ས་རྫམ་གྱི་རིགས་ལེ་ཤ་ཡོད་ས་ལས་ སྦོམ་ཤོས་དེ་ ཚོདམ་བཟོ་ནིའི་དོན་ལུ་དང་ དེའི་ཤུལ་ལས་ ཆང་རྫམ་དང་ ཇ་རྫམ་ཚུ་ཨིནམ་ད་ ཆུང་ཤོས་དེ་ར་ བསངས་བཏང་མི་ རྫམ་དེ་ཨིནམ་ད་ དེ་ཚུ་ རེ་རེ་ལུ་ གོང་ཚད་དངུལ་ཀྲམ་༡༠༠ དང་༥༠༠ གྱི་བར་ན་སྦེ་ བཙོང་དོ་ཡོདཔ་ཨིན་རུང་ ཐིམ་ཕུག་ལུ་འབད་བ་ཅིན་ གོང་ཚད་དེ་ ལོག་ལྟབ་ཀྱིས་ ཡར་སེང་འབད་དགོཔ་ཐོན་མི་དེ་ སྐྱེལ་འདྲེན་གྱི་འཐུས་དང་ ཉེན་འཐུས་ཚུ་ རྩིས་རྐྱབ་ནི་དེ་གིས་ཨིན་པས།བཟང་མོ་གིས་ སླབ་མིའི་ནང་ རྫམ་དེ་མང་ཤོས་ཅིག་ ཚོདམ་དང་ཆང་བསྐོལ་ནིའི་དོན་ལུ་ མཁོ་མངགས་འབད་མི་འདུག་ཟེར་ཨིནམ་མ་ཚད་ ལྟ་བཤལ་ཟ་ཁང་ཚུ་གི་དོན་ལུ་ཨིན་པ་ཅིན་ རྫམ་སྦོམ་མཁོ་མངགས་འབད་མི་ཡོད་ཟེར་ཨིནམ་ད་ དེ་ཚུ་ མང་ཤོས་ཅིག་ ཐིམ་ཕུག་ལུ་སྡོད་མི་ཚུ་གིས་ མཁོ་མངགས་འབད་དོ་ཡོདཔ་ཨིན་པས།མོ་གི་ཆ་རོགས་ སྐྱེས་ལོ་༦༣ ལང་མི་ ཚེ་དབང་ཆོས་སྒྲོན་དང་ སྐྱེས་ལོ་༢༢ ལང་མི་ བསོད་ནམས་སྟོབས་རྒྱས་ཀྱིས་ སྒང་ཟུར་ས་རྫམ་བཟོ་ཁང་དེ་ནང་ གཅིག་ཁར་ལཱ་འབད་དོ་ཡོདཔ་ཨིན་རུང་ ཚོང་འབྲེལ་དེ་ སོ་སོར་སྦེ་ འབད་དོ་ཡོདཔ་ད་ རྫམ་བཟོ་ཁང་དེ་ སྒྲིང་ཁྱིམ་ཐོག་༡ འབད་མི་དང་ ས་སྐམ་སའི་ཁང་མིག་ དེ་ལས་ ས་རྫམ་མེ་བཏང་སའི་ ཁང་མིག་ཅིག་ཡོདཔ་ད་ དེ་ཚུ་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱིས་ མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་བཟོ་ནུག།བསོད་ནམས་སྟོབས་རྒྱས་ཀྱིས་ སྤྱི་ལོ་༢༠༡༥ ལུ་ སློབ་རིམ་༡༢ པ་ མཐར་འཁྱོལ་བའི་ཤུལ་ལས་ ས་རྫམ་བཟོ་ནི་ལུ་སྤྲོ་བ་བསྐྱེད་མི་དེ་ འོང་འབབ་བཟོ་ནི་ རྐྱངམ་གཅིག་མེན་པར་ སྔར་སྲོལ་ལམ་ལུགས་དེ་ གོང་འཕེལ་གཏང་ནིའི་དོན་ལུ་ ཨིན་ཟེར་ཨིནམ་ད་ དེ་ཡང་ ད་རེས་ དེ་བཟུམ་གྱི་སྲོལ་དེ་ ཉམས་འགྱོ་ནིའི་ཉེན་ཁ་ཡོདཔ་ལས་ གོང་འཕེལ་ག་དེ་དྲག་དྲག་ གཏང་དགོཔ་འདུག་ཟེར་ཨིན་པས།ད་རེས་ ས་རྫམ་བཟོ་བཏུབ་མི་ས་ཡང་ སྒང་ཟུར་གཡུས་ཚན་ནང་ རྐྱངམ་གཅིག་ལས་བརྒལ་མེདཔ་ད་ ས་ཐོན་ས་དེ་ཡང་ ས་རྫམ་བཟོ་ཁང་གི་ ཉེ་འདབས་ལས་བཏོན་དོ་ཡོདཔ་ད་ བཟང་མོ་གིས་འབད་བ་ཅིན་ ས་ཐོན་ས་དེ་ཡང་ དང་ཕུ་ ཕམ་གི་་སྐབས་ལས་ར་ དེ་ནང་རང་འདུག་ཟེར་ཨིནམ་ད་ ས་བཏོན་ས་དེ་ དེ་ཁར་མ་གཏོགས་ གཡུས་ཚན་གཞན་ག་ཏེ་ཡང་ མེད་ཟེར་ཨིན་པས།འཕྲལ་འཕྲལ་ ས་གནས་གཞན་ཁ་ལས་ སྐུ་བཞེངས་ནི་དང་ ཚ་ཚ་བཏབ་ནིའི་དོན་ལུ་ ས་ལེན་པར་ འོང་དོ་ཡོདཔ་ལས་ རྫོགས་ནིའི་ ཉེན་ཁ་འདུག་ཟེར་ཨིནམ་ད་ གལ་སྲིད་ ས་རྫོགས་པ་ཅིན་ རྫམ་བཟོ་མ་ཚུགས་པའི་ དཀའ་ངལ་འཐོན་ནི་མས་ཟེར་ ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *