༉ ལྷུན་རྩེ་རྫོང་ཁག་གི་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ཀ་པ་ ཁ་ཕྱེ་བའི་སྐབས་ རྫོང་ཁག་གི་ འདེམས་ཁོངས་༢ ནང་ མི་གྲངས་༥,༥༤༤ གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོད་ས་ལས་༩༥ ཆ་མེད་བཏང་ཡོདཔ་ཨིན་པས།
རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་བསྡོམས་༦,༦༩༧ ཡོད་ས་ལས་༡,༡༥༣ གི་ཚོགས་རྒྱན་ཚུ་ ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ནང་ མ་ལྷོདཔ་ཨིན་པས།
དེ་ཡང་ འདེམས་ཁོངས་༢ ཀྱི་གྲས་ལས་ སྒང་ཟུར་སྨིན་རྗེ་འདེམས་ཁོངས་ནང་འབད་བ་ཅིན་ ཐོ་བཀོད་ཅན་གྱི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༣,༤༡༢ ཡོད་མིའི་ནང་ལས་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ ཚོགས་རྒྱན་བསྡོམས་༢,༨༠༡ ཐོབ་ཡོད་ས་ལས་༥༡ ཆ་མེད་བཏང་ཡོདཔ་ཨིན་པས།
འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ འཕྲིན་ལས་ཀྱིས་ སླབ་མིའི་ནང་ ཆ་མེད་གཏང་དགོ་པའི་ གནད་དོན་དེ་ཡང་ ལ་ལོ་ཅིག་གི་མིང་ ཁྱད་ཚད་ལྡན་པའི་འགྲེམ་ཐོག་ཚོགས་རྒྱན་བཙུགས་ཆོག་པའི་ ཐོ་ནང་མེདཔ་ད་ ལ་ལོ་ཅིག་ ཡིག་ཤུབས་ཀ་པའི་ནང་ ཡིག་ཤུབས་ཁ་པ་མེད་མི་ དེ་ལས་ ངོ་རྟགས་གསལ་སྟོན་ལག་ཁྱེར་མེད་མི་དང་ ངོས་འཛིན་འདྲ་པར་ཨང་ཚངམ་སྦེ་ མ་བཀོད་མི་ཚུ་ཨིན་པས།
འདེམས་ཁོངས་ནང་ མི་གྲངས་༦༡༡ གི་ འགྲེམ་ཐོག་ཚོགས་རྒྱན་ཚུ་ མ་ལྷོདཔ་ཨིན་པས།
དེ་བཟུམ་སྦེ་ སྨན་སྦིས་བཙན་མཁར་རྒེད་འོག་ནང་འབད་བ་ཅིན་ ཐོ་བཀོད་ཅན་གྱི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༣,༢༨༥ ཡོད་ས་ལས་༢,༧༤༣ ཐོབ་ཡོདཔ་ད་༤༤ ཆ་མེད་བཏང་ཡོདཔ་ཨིན་པས།
འདེམས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་༥༤༢ ཀྱི་ ཚོགས་རྒྱན་ལོག་མ་ཐོབ་ཨིན་པས།
སྨན་སྦིས་བཙན་མཁར་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ཀརྨ་གིས་ སླབ་མིའི་ནང་ ཆ་མེད་བཏང་མི་ཚུ་ཡང་ ལ་ལོ་ཅིག་ ངོ་རྟགས་གསལ་སྟོན་ལག་ཁྱེར་ ཡིག་ཤུབས་ནང་མེད་མི་དང་ མི་ངོམ་༣ རྫོང་ཁག་སོ་སོར་ནང་ལས་ཨིན་རུང་ ལྷུན་རྩེ་རྫོང་ཁག་ནང་ ཐོ་བཀོད་འབད་མི་ དེ་ལས་ ལ་ལོ་ཅིག་ འདེམས་ཁོངས་འཛོལ་ཏེ་ ཚོགས་རྒྱན་བཙུགས་མི་ཚུ་ཨིནམ་སྦེ་ བཤདཔ་ཨིན་པའི་གནས་ཚུལ།
ལྷུན་རྩེ་ལས་ ཚེ་རིང་རྣམ་རྒྱལ།