རྫོང་བདག་འཇམ་དཔལ་དབང་ཕྱུག་གི་སྡེ་ཚན་དང་ མདེའུ་སྡེ་ཚན་གྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་འབད་བའི་བསྒང་།

ལྷུན་རྩེ་ལུ་ འགོ་དང་པ་ ཕུཊ་བཱོལ་རྩེད་འགྲན་ འགོ་འདྲེན་འཐབ་ཡོདཔ།

༉ ལྷུན་རྩེ་རྫོང་ཁག་ནང་ ཕུཊ་བཱོལ་རྩེད་འགྲན་འགོ་དང་པ་ འགོ་འདྲེན་འཐབ་མིའི་ནང་ སྡེ་ཚན་༡༣ གྱིས་ བཅའ་མར་གཏོགས་ཡོདཔ་ད་ དེ་ཡང་ སློབ་གྲྭ་ཁག་དང་ རྫོང་ཁག་བདག་སྐྱོང་ སྒེར་སྡེ་ དེ་ལས་ ལུང་ཕྱོགས་ཡིག་ཚང་ཚུ་ནང་ ལཱ་འབད་མི་ཚུ་ཨིན་པས།
ཕུཊ་བཱོལ་རྩེད་འགྲན་དེ་ཡང་ རྫོང་ཁག་རྩེད་རིགས་ཚོགས་པ་གིས་ རྩེདམོ་གོང་འཕེལ་གཏང་ཐབས་ལུ་དང་ མི་ཚུ་གི་བར་ན་ འབྲེལ་མཐུན་ཡར་དྲག་གཏང་ཐབས་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
རྫོང་ཁག་རྩེད་རིགས་ཚོགས་པའི་ དྲུང་ཆེན་ཀརྨ་གིས་ སླབ་མིའི་ནང་ ཞི་གཡོགཔ་དང་ ལུང་ཕྱོགས་ཁག་གི་ལས་བྱེདཔ་ དེ་ལས་ སྒེར་སྡེ་ཚུ་ནང་ ལཱ་འབད་མི་ཚུ་ ཉིན་བསྟར་གྱི་ ལཱ་ལུ་ བརྩོན་སྡོདཔ་མ་གཏོགས་ ད་ལྟོ་ཚུན་ ཕུཊ་བཱོལ་རྩེད་འགྲན་ཚུ་ མེདཔ་ལས་ གཅིག་སྒྲིལ་མཐུན་ལམ་ཚུ་ཡང་ དེ་ཅིག་མིན་འདུག་ཟེར་ཨིན་པས།
རྒྱུ་མཚན་དེ་ལུ་བརྟེན་ དུས་ཅི་ལས་ གནམ་བྱཱར་གྱི་ ཕུཊ་བཱོལ་འགྲན་བསྡུར་འགོ་བཙུགས་མི་དེ་གིས་ རྩེད་རིགས་ཡར་རྒྱས་གཏང་ཚུགསཔ་མ་ཚད་ མི་ཚུ་གི་བར་ན་ མཐུན་ལམ་ཡར་རྒྱས་གཏང་ཚུགས་ནི་དང་ གཟུགས་ཁམས་སྒྲིང་སྒྲི་བཞག་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།
བཅའ་མར་གཏོགས་མི་ དགེ་ལེགས་རྒྱ་མཚོ་གིས་ སླབ་མིའི་ནང་ ཉེ་འདབས་ཀྱི་རྫོང་ཁག་ མོང་སྒར་ལུ་འབད་བ་ཅིན་ ལོ་བསྟར་བཞིན་དུ་ ཕུཊ་བཱོལ་རྩེད་འགྲན་ ཁག་མང་རབས་ཅིག་ འགོ་འདྲེན་འཐབ་དོ་ཡོད་རུང་ ལྷུན་རྩེ་རྫོང་ཁག་ནང་ ཡང་ཅིན་ རྩེད་རིགས་ཚོགས་པ་མེདཔ་ཨིན་ན་ མ་ཤེས་པར་ སྟོང་ཧང་ཧ་སྦེ་ སྡོད་དགོཔ་བྱུང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ སློབ་དཔོན་ཅིག་ཨིན་མི་ ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ རྫོང་ཁག་གཞན་ཚུ་ནང་འབད་བ་ཅིན་ རྩེད་རིགས་ཁག་མ་འདྲཝ་ཚུ་ འགོ་འདྲེན་འཐབ་ནི་ཡོདཔ་ལས་ མི་ཚུ་གི་བར་ན་ མཐུན་ལམ་བཞག་ཚུགསཔ་མ་ཚད་ མཐུན་ལམ་དེ་ལུ་བརྟེན་ ཡིག་ཚང་གི་ལཱ་འབདཝ་ད་ སྟབས་བདེ་ཧིང་ར་ མི་འདྲ་བས་ཟེར་ཨིནམ་ད་ གཟུགས་ཁམས་ལུ་ཡང་ ཕན་ཐོགས་འདུག་ཟེར་ཨིན་པས།
འགོ་འདྲེན་འཐབ་མི་ཚུ་གིས་ སླབ་མིའི་ནང་ སྡེ་ཚན་རེ་ནང་ རྩེད་འགྲན་འབད་མི་ སློབ་ཕྲུག་༣ ལས་བརྒལ་ བཅའ་མར་གཏོགས་མ་ཆོག་པའི་ ལམ་ལུགས་དང་འཁྲིལ་ རྒེད་འོག་༨ ལས་ སྡེ་ཚན་རེ་དང་ རྫོང་ཁག་བདག་སྐྱོང་ སྒེར་སྡེ་ དེ་ལས་ ཁྲོམ་སྡེ་ལས་སྡེ་ཚན་༡ བསྡོམས་ཀྱིས་སྡེ་ཚན་༡༣ ཐོན་ཏེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ འགོ་འདྲེན་པ་ ཚེ་རིང་དབང་ཕྱུག་གིས་ སླབ་མིའི་ནང་ སྤྱི་ཟླ་༨ པའི་ཚེས་༡༩ ལས་འགོ་བཙུགས་ སྤྱི་ཟླ་༩ པའི་ཚེས་༣ ཚུན་ སྡེ་ཚན་དབྱེ་ཁག་༤ བཟོ་མི་ཚུ་གི་བར་ན་ རྩེད་འགྲན་འབད་བའི་ཤུལ་ལུ་ སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་རྩེད་འགྲན་འབད་ནི་ཨིན་ཟེར་ཨིན་པས།
རྩེད་འགྲན་དེ་ཡང་ གཟའ་ཉི་མ་དང་ ཟླ་བ་ལུ་ སྡེ་ཚན་༦ གི་བར་ན་ རྩེད་འགྲན་འབད་དོ་ཡོདཔ་ད་ དེ་ཡང་ མཁོ་མ་འབྲིང་རིམ་སློབ་གྲྭ་འོག་མའི་ ཕུཊ་བཱོལ་རྩེད་ཐང་ནང་སྦེ་ རྩེད་འགྲན་འབདཝ་ཨིན་པས།
སྡེ་ཚན་རེ་ལས་ འཛུལ་འཐུས་དངུལ་ཀྲམ་༧,༥༠༠ རེ་བསྡུ་ལེན་འབད་ཡོདཔ་ད་ རྩེད་འགྲན་ནང་ལས་ ཨང་དང་པ་ཐོན་མི་ སྡེ་ཚན་དེ་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༥༠,༠༠༠ དང་ ཨང་༢ པ་ཐོན་མི་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༢༥,༠༠༠ བྱིན་ནི་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༡༩ ལུ་ རྫོང་བདག་གི་སྡེ་ཚན་དང་ སྡེ་ཚན་མདེའུ་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ མདེའུ་སྡེ་ཚན་གྱིས་ གཱོལ་༦ བཙུགས་ཏེ་ ཕམ་བཏང་པའི་སྐབས་ རྫོང་བདག་གིས་ གཱོལ་༡ ལས་བརྒལ་ བཙུགས་མ་ཚུགས་པའི་གནས་ཚུལ།

མཁོ་མ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *