༉ ད་ཚུན་ སག་ལང་སྟེ་བསྒུགས་སྡོད་མི་ འབྲུག་གི་སྤྱི་ཚོགས་༣ པའི་བཙག་འཐུ་དེ་ ཁ་ཙ་ མཇུག་བསྡུཝ་དང་འབྲེལ་ ལྷུན་རྩེ་རྫོང་ཁག་ནང་འབད་བ་ཅིན་ འགོ་ཐོག་བཙག་འཐུ་དང་ སྤྱིར་བཏང་བཙག་འཐུའི་གྲུབ་འབྲས་༢ ཧ་ལམ་ ཅོག་འཐདཔ་སྦེ་ར་ ཐོན་ཡི།
དེ་ཡང་ རྫོང་ཁག་ནང་ འདེམས་ཁོངས་༢ ཡོད་ས་ལས་ སྒང་ཟུར་-སྨིན་རྗེ་འདེམས་ཁོངས་ནང་འབད་བ་ཅིན་ འགོ་ཐོག་བཙག་འཐུ་བཟུམ་སྦེ་ འབྲུག་མཉམ་རུབ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོདཔ་ད་ སྨན་སྦིས་-བཙན་མཁར་འདེམས་ཁོངས་ནང་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཅི།
སྒང་ཟུར་-སྨིན་རྗེ་འདེམས་ཁོངས་ནང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཀུན་དགའ་དཔལ་འབྱོར་གྱིས་ ཚོགས་རྒྱན་བསྡོམས་༣,༠༣༦ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོད་རུང་ ཚེ་རིང་རྡོ་རྗེ་གིས་ ཚོགས་རྒྱན་༢,༦༣༨ ལས་ཐོབ་མ་ཚུགསཔ་ད་ ཁོང་༢ ཀྱི་བར་ན་ ཚོགས་རྒྱན་བསྡོམས་༤༨༨ ཁྱད་པར་ཞུགས་ཡོདཔ་ཨིན་པས།
ཀུན་དགའ་དཔལ་འབྱོར་གྱིས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༡༤༤༠ དང་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་བསྡོམས་༡,༥༨༦ ཐོབ་སྟེ་ འགྲེམ་ཐོག་དང་འཕྲུལ་ཆས་ཚོགས་རྒྱན་༢ ཆ་ར་རྒྱལ་ཁ་ཐོབ་ཡོདཔ་ད་ ཚེ་རིང་རྡོ་རྗེ་གིས་ འགྲེམ་ཐོག་ཚོགས་རྒྱན་༡,༣༨༥ དང་ འཕྲུལ་ཆས་ཚོགས་རྒྱན་༡,༢༥༣ ཐོབ་ཨིན་པས།
དེ་ལས་ སྨན་སྦིས་-བཙན་མཁར་འདེམས་ཁོངས་ནང་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཆོས་སྐྱིད་རྒྱལ་མཚན་གྱིས་ ཚོགས་རྒྱན་ཡོངས་བསྡོམས་༢,༩༤༡ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཚེ་རིང་ཕུན་ཚོགས་ཀྱིས་ ཚོགས་རྒྱན་ཡོངས་བསྡོམས་༢,༥༧༩ ཐོབ་ནུག།
ཆོས་སྐྱིད་རྒྱལ་མཚན་གྱིས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༡,༥༣༧ དང་ ཨི་བི་ཨེམ་འཕྲུལ་ཆས་ཐོག་ཚོགས་རྒྱན་བསྡོམས་༡,༤༠༤ ཐོབ་སྟེ་ འགྲེམ་ཐོག་དང་འཕྲུལ་ཆས་ཚོགས་རྒྱན་༢ ཆ་ར་ རྒྱལ་ཁ་ཐོབ་ཡོདཔ་ད་ བསྡོམས་ཀྱིས་ ཚོགས་རྒྱན་༣༦༢ ཀྱིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ཨིན་རུང་ ཚེ་རིང་ཕུན་ཚོགས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༡,༢༤༦ དང་ འཕྲུལ་ཆས་ཚོགས་རྒྱན་༡,༣༣༣ ཐོབ་ཡོདཔ་ཨིན་པས།
རྫོང་ཁག་ནང་ ཐོ་བཀོད་ཅན་གྱི་ཚོགས་རྒྱན་བཙུགས་མི་༡༦,༥༨༧ ཡོད་ས་ལས་༥,༦༤༦ གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ་ད་ དེ་ནང་ལས་༣༨ ཆ་མེད་སོང་ཡོདཔ་ཨིན་པས།
ཆ་མེད་སོང་མི་༣༨ ཀྱི་གྲས་ལས་༣༠ ཡིག་ཤུབས་ཀ་པ་ ཁ་ཕྱེ་བའི་སྐབས་ ཆ་མེད་སོང་ཡོདཔ་ད་༨ ཡིག་ཤུབས་ཁ་པ་ ཁ་ཕྱེ་བའི་སྐབས་ ཆ་མེད་སོང་ཡོདཔ་ཨིན་པས།
ཡིག་ཤུབས་ཀ་པ་ཁ་ཕྱེ་བའི་སྐབས་ ཆ་མེད་འགྱོ་དགོ་པའི་གནད་དོན་ཚུ་ཡང་ ལ་ལོ་ཅིག་གིས་ ཡིག་ཤུབས་ནང་ངོ་སྦྱོར་ཡི་གུ་མེད་མི་དང་ ལ་ལུ་ཅིག་ཐོ་བཀོད་མ་འབད་མི་ ལ་ལུ་ཅིག་ འགྲེམ་ཐོག་དང་འཕྲུལ་ཆ་༢ ཆ་རའི་ནང་ཐོ་བཀོད་འབད་མི་ ལ་ལུ་ཅིག་ ངོས་འཛིན་འདྲ་པར་ཨང་ མ་བྲིས་མི་དང་ མ་ཚང་མི་ཚུ་ཨིན་པས།
དེ་བཟུམ་སྦེ་ ཡིག་ཤུབས་ཁ་པ་ ཁ་་ཕྱེ་བའི་སྐབས་ རྒྱན་ཤོག་༨ ཆ་མེད་འགྱོ་མི་ཚུ་གི་གྲས་ལས་༤ རྟགས་མ་བཀལ་བར་ཡོདཔ་ད་༡ ལུ་རྟགས་༢ བཀལ་བཀལཝ་༡ ལུ་ག་ལུ་ཨིན་ན་ དབྱེ་བ་ཕྱེ་མ་ཚུགས་པའི་རྟགས་ དེ་ལས་༢ ཚོགས་རྒྱན་ཡིག་ཤུབས་ཀྱི་ནང་ན་ རྟགས་མ་མཐུན་པར་ བཙུགས་མི་ཚུ་ཨིན་པས།
རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ ཐོ་བཀོད་ཅན་༡༦,༥༧༨ ཡོད་ས་ལས་༡༡,༢༢༢ ཀྱིས་ ཚོགས་རྒྱན་བཙུགས་ཡོདཔ་བཞིན་དུ་ ཚོགས་རྒྱན་བཙུགས་མི་བརྒྱ་ཆ་༦༧.༦ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།
ལྷུན་རྩེ་ལས་ ཚེ་རིང་རྣམ་རྒྱལ།