ནགས་ཚལ་མེ་རྐྱེན་ཤོར་བའི་བསྒང་།

ལྷུན་རྩེ་ལུ་ མེ་རྐྱེན་ལུ་བརྟེན་ ནགས་ཚལ་ཨེ་ཀར་༥༠༠ ལྷགཔ་ཅིག་ འཚིགས་ཡོདཔ།

༉ ད་རེས་ནངས་པར་ ནགས་ཚལ་མེ་རྐྱེན་གྱི་དུས་ཚོད་ འགོ་བཙུགས་ཡོདཔ་བཞིན་དུ་ ལྷུན་རྩེ་ལུ་ དུས་ཅི་ ནགས་ཚལ་མེ་རྐྱེན་ འགོ་དང་པ་དེ་ ཁ་ཙ་དྲོ་པ་ སྨན་སྦིས་རྒེད་འོག་ནང་ བྱུང་ཡོདཔ་བཞིན་དུ་ ནགས་མེ་དེ་གིས་ མང་ཤོས་ར་ ཧུམ་ཅུང་རྩྭ་དང་ སྟོང་ཕུ་ཤིང་གིས་གང་མི་ ནགས་ཚལ་ཨེ་ཀར་༥༠༠ ལྷགཔ་ཅིག་ འཚིགས་ཡོདཔ་ཨིན་པས། 

མེ་རྐྱེན་དེ་ ད་ལྟོ་ཡང་ བསད་མ་ཚུགས་པར་ཡོད་རུང་ ལྷུན་རྩེ་གླིང་འཛིན་ཡིག་ཚང་གི་ ནགས་ཚལ་འགོ་དཔོན་ཚུ་དང་འཁྲིལཝ་ད་ ནགས་ཚལ་འགོ་དཔོན་དང་ བདེ་སྲུངཔ་ ཁྲིམས་སྲུང་འགག་པ་ སྟག་མོ་ཆུ་སློབ་གྲྭ་ཆེ་བའི་སློབ་ཕྲུག་ སྟག་སྐད་ལ་གྲྭ་ཚང་གི་དགེ་སློང་ དེ་ལས་ གྲོང་མི་དག་པ་ཅིག་གིས་ མཉམ་རུབ་ཐོག་ལས་ མེ་བསད་འཕྲུལ་ཆས་ལག་ལེན་འཐབ་སྟེ་ སྟག་མོ་ཆུ་སློབ་གྲྭ་ཆེ་བ་དང་ སྟག་སྐད་ལ་གུ་རུའི་སྐུ་འདྲ་འོག་ལུ་ ཁྱིམ་༢ དེ་ལས་ བཀྲིས་བརྒྱུད་འཕྲིན་གྱི་ ཡོངས་འབྲེལ་ཀ་རིང་ཚུ་ ཉེན་སྲུང་འབད་ཚུགས་ནུག།

ཨིན་རུང་ ནགས་ཚལ་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ གཞན་ནགས་ཚལ་ཚུ་ མེ་གིས་འཚིགས་ནི་ལས་ ཚད་འཛིན་འབད་མ་ཚུགས་མི་དེ་ཡང་ ས་ཁོངས་ཚུ་ བྱག་གི་སྐེད་པ་ལས་ཕར་ཡོད་མི་ལུ་བརྟེན་ ཉེན་ཁ་ཆེ་ནི་དེ་གིས་ ཨིན་ཟེར་ཨིན་པས།

ལྷུན་རྩེ་ གླིང་འཛིན་ཡིག་ཚང་གི་ གླིང་འཛིན་འགོ་དཔོན་གོངམ་ རྒྱ་མཚོ་གིས་ སླབ་མིའི་ནང་ གཞན་འབད་ཐབས་མེད་རུང་ ནགས་མེ་དེ་ ཁ་མར་བལྟ་འབབ་སྟེ་ ཁ་ཙ་ཕྱི་རུ་ཁམས་ཅིག་ལས་ ཀུ་རི་ཆུའི་མཐའ་མར་ལྷོདཔ་ད་ ད་རིས་ རང་བཞིན་གྱིས་ ཚད་འཛིན་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

ནགས་ཚལ་མེ་རྐྱེན་དེ་ གློག་མེ་ལུ་བརྟེན་ བྱུང་ཡོད་པའི་དོགས་པ་ཡོདཔ་ད་ ནགས་ཚལ་འགོ་དཔོན་ཚུ་ལུ་ མེ་རྐྱེན་བྱུང་སའི་ས་ཁོངས་ནང་ལས་ གདོང་སྒོར་སྦེ་ཡོད་མི་ སྨན་རྒྱ་སྦིས་གཡུས་ཚན་ནང་ལས་ མཐོང་མི་དག་པ་ཅིག་གིས་ མེ་རྐྱེན་དེ་ དྲོ་པའི་ཆུ་ཚད་༢ དེ་ཅིག་ལུ་ གཏུང་མཁར་གཡུས་ཚན་ནང་ ཁྱིམ་གུང་པ་ཅིག་ཡོད་མིའི་ཉེ་འདབས་ལས་ བྱུང་སར་མཐོང་ཡི་ཟེར་ཨིན་པས། 

རྒྱ་མཚོ་གིས་ སླབ་མིའི་ནང་ མ་གཞི་ ས་ཁོངས་དེ་ ནགས་མེ་བྱུང་སའི་ས་ཁོངས་ཅིག་ཨིན་རུང་ བར་སྐབས་ཅིག་ མེ་རྐྱེན་མ་བྱུང་པར་ ལོ་༧ དེ་ཅིག་ ལང་ཡི་ཟེར་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *