བཙག་འཐུ་འགོ་དཔོན་ཚུ་ ཚོགས་རྒྱན་གྱི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་།

ལྷུན་རྩེ་ལུ་ བཙག་འཐུ་འགོ་དཔོན་ཚུ་ རང་སོའི་ ས་ཁོངས་ནང་ལྷོད་ཡོདཔ།

བཙག་འཐུ་འགོ་དཔོན་༨ འབད་མི་སྡེ་ཚན་ཅིག་ སྤྱི་ཟླ་༤ པའི་ཚེས་༡༧ ལུ་ དུས་ཡུན་ཆུ་ཚོད་༧ ལྷགཔ་ཅིག་ གྱེན་འཛེགས་ཏེ་ རྐང་སྟོང་སྦེ་ འགྱོ་བའི་ཤུལ་ལུ་ ལྷུན་རྩེ་རྫོང་ཁག་གི་ མཐའ་ཟུར་གཡུས་ཚན་ ཚངས་ངོ་ལུ་ལྷོད་ཡོདཔ་ད་ དེ་ཡང་ གཡུས་ཚན་དེ་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༡༢༠ ཡོད་མི་དེ་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ གསང་བའི་ཚོགས་རྒྱན་ འགོ་འདྲེན་འཐབ་ནིའི་དོན་ལུ་ཨིན་པས།

གཡུས་ཚན་དེ་ ལྷུན་གྲུབ་རིན་ཆེན་རྩེ་རྫོང་ལས་ ནུབ་ཁ་ཐུག་ལུ་ སྣུམ་འཁོར་ནང་ ཀི་ལོ་མི་ཊར་༡༥ དེ་ཅིག་ འགྱོ་བའི་ཤུལ་ལས་ རྐང་ཐང་འགྱོ་དགོ་པའི་ས་ཁར་ཨིནམ་ད་ དེ་ཁར་སྡོད་མི་ ཚང་ངོ་དང་ རོལ་མ་སྟེང་གི་གཡུས་ཚན་༢ ཀྱི་ མི་མང་ཤོས་ཅིག་ འཚོ་བ་སྒོ་ནོར་སེམས་ཅན་ལུ་ བརྟེན་སྡོད་དོ་ཡོདཔ་ཨིན་པས།

བཙག་འཐུའི་འགོ་དཔོན་ཚུ་གིས་ གཡུས་ཚན་༢ པོ་དེ་ནང་ བཙག་འཐུ་དང་འབྲེལ་བའི་ ཤེས་ཡོན་ཐེངས་༢ དེ་ཅིག་ འགོ་འདྲེན་འཐབ་ནི་དེ་གིས་ ཚོགས་རྒྱན་ནང་ ལེགས་ཤོམ་སྦེ་ བཅའ་མར་གཏོགས་པར་ འོང་བའི་རེ་བ་ཡོདཔ་ད་ ཚང་ངོའི་ཚོགས་རྒྱན་བཙུགས་སའི་ས་ཁོངས་དེ་ རྫོང་ཁག་ནང་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཡོངས་བསྡོམས་༣༣ ཡོད་ས་ལས་༡ ཨིན་པས།

ཚང་ངོ་མ་བརྩིས་བར་ ཁ་ཙ་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༡༣ ནང་ བཙག་འཐུ་འགོ་དཔོན་༡༠༨ འགྱོ་ས་ལས་༤༢ ཉེན་སྲུང་ལྟ་རྟོག་པ་ཨིནམ་བཞིན་དུ་ ཁོང་ཆ་ཁྱབ་ རྒྱ་རེད་དང་ མཁོ་མ་ དེ་ལས་ སྒང་ཟུར་རྒེད་འོག་༣ ནང་སོང་ཡོདཔ་ད་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༡༩ གི་དོན་ལུ་ བཙག་འཐུ་འགོ་དཔོན་༡༤༦ སོང་ཡོདཔ་ཨིན་པས།

འགོ་དཔོན་ཚུ་ ཀུར་སྟོད་དང་ སྨད་ཚོ་ སྨན་སྦིས་ སྨིན་རྗེ་ དེ་ལས་ བཙན་མཁར་རྒེད་འོག་ཚུ་ནང་ སོང་ཡོདཔ་ད་ ཁོང་དང་གཅིག་ཁར་ ཚོགས་རྒྱན་བཙུགས་སའི་ས་ཁོངས་རེ་ལུ་ ཚོགས་རྒྱན་འཕྲུལ་ཆས་༢ རེ་ འབག་སོང་མི་དེ་ གལ་སྲིད་ གློ་བུར་གྱི་དཀའ་ངལ་རེ་འབྱུང་པ་ཅིན་ ལག་ལེན་འཐབ་ནིའི་དོན་ལུ་ཨིན་པས།

ཁ་ཙ་ སོང་མི་ཚུ་གི་གྲས་ཁར་ ལམ་ཐག་རིང་ཤོས་ར་ ཨོང་སྒར་ཚོགས་རྒྱན་བཙུགས་སའི་ ས་ཁོངས་དེ་ཨིནམ་བཞིན་དུ་ དེ་ཁར་ ལྷུན་རྩེ་ཁྲོམ་ལས་ ཀི་ལོ་མི་ཊར་༦༨ དེ་ཅིག་ སྣུམ་འཁོར་ནང་ འགྱོ་དགོཔ་ཨིན་པས།

རྫོང་ཁག་གི་ ངོས་ལེན་འགོ་དཔོན་ཡིག་ཚང་ནང་ བཙག་འཐུ་འགོ་དཔོན་ཚུ་ ནུབ་མོར་ཨ་རྟག་ར་ ལཱ་འབད་དེ་ ཟླཝ་༡ ལྷགཔ་ཅིག་སོང་ཡོདཔ་ད་ སྤྱི་ཟླ་༤ པའི་ཚེས་༡༧ ལས་འགོ་བཙུགས་ ཁོང་གིས་ འགྲེམ་ཐོག་རྒྱན་ཤོག་ཚུ་ ལྟ་ཞིབ་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ འགྲེམ་ཐོག་རྒྱན་ཤོག་ཚུ་ ཚུལ་དང་མཐུནམ་སྦེ་ ལག་ལེན་འཐབ་མ་འཐབ་ཚུ་ ལྟ་དོ་ཡོདཔ་མ་ཚད་ ཡིག་ཆ་ཚུ་ཡང་ ཚང་སྒྲིག་ཡོད་མེད་ བརྟག་དཔྱད་འབད་ཡོདཔ་ཨིན་པས།

རྫོང་ཁག་ནང་ འགྲེམ་ཐོག་རྒྱན་ཤོག་ ལྷན་ཐབས་ས་ཁོངས་ཐོག་ལས་ ཚོགས་རྒྱན་བཙུགས་ནིའི་ཐོ་བཀོད་འབད་མི་༨༡༢ ཡོད་ས་ལས་༦༤༧ གྱིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ ད་ལྟོ་ རྫོང་ཁག་༡༩ དང་ ཁྲོམ་སྡེ་ཚུ་ལས་ལྷོད་པའི་བསྒང་ཡོདཔ་ད་ འགྲེམ་ཐོག་རྒྱན་ཤོག་ཚུ་ ད་རིས་ ངེས་པར་དུ་ རང་སོའི་འདེམས་ཁོངས་ནང་ལྷོད་དགོཔ་ཨིན་པས།

ངོས་ལེན་འགོ་དཔོན་ འཕྲིན་ལས་ཀྱིས་ སླབ་མིའི་ནང་ འགྲེམ་ཐོག་ཚོགས་རྒྱན་ཚུ་ སྤྱི་ཟླ་༤ པའི་ཚེས་༡༩ ཚུན་ ལེན་ནི་ཨིན་པས།

ཁ་ཙ་ དྲོ་པའི་ཆུ་ཚོད་༩ ལས་ སྐུལ་བསྒྲགས་འབད་མ་ཆོག་པའི་དུས་ཚོད་དེ་ ལག་ལེན་འཐབ་ནི་འགོ་བཙུགས་ཡོདཔ་ལས་ རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་གིས་ སྐུལ་བསྒྲགས་འབད་ནི་ལས་ འཛེམ་ཡོདཔ་ད་ སྐུལ་བསྒྲགས་འབད་མ་ཆོག་པའི་དུས་ཚོད་དེ་ ཚོགས་རྒྱན་གྱི་ཉིནམ་ལས་ཚུར་ དུས་ཡུན་ཆུ་ཚོད་༤༨ ཀྱི་རིང་ ལག་ལེན་འཐབ་ནི་ཨིན་པས།

རྫོང་ཁག་ནང་ འདེམས་ངོ་༥ ཡོད་ས་ལས་ སྨན་སྦིས་རྒེད་འོག་ལས་ བསྟན་འཛིན་འགྱུར་མེད་དང་ ཀུར་སྟོད་ལས་འགྱུར་མེད་བསྟན་འཛིན་ རྒྱ་རེད་རྒེད་འོག་ལས་ བསྟན་པ་རྡོ་རྗེ་ མཁོ་མ་ལས་ རིག་འཛིན་རིག་འཛིན་ དེ་ལས་ སྒང་ཟུར་རྒེད་འོག་ལས་ ཀུན་དགའ་དཔལ་འབྱོར་ཨིན་པས།

རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༡༦,༠༤༠ ཡོད་ས་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༤,༣༡༠ ཡོདཔ་ད་ དེ་གི་གྲས་ལས་ མཐོ་ཤོས་ར་ སྒང་ཟུར་ལུ་༣,༢༠༣ དང་ ཉུང་ཤོས་ རྒྱ་རེད་རྒེད་འོག་ནང་༡,༣༤༣ ཡོདཔ་ཨིན་པས།

འདས་པའི་ཉིནམ་༣ གྱི་རིང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཚུ་ ལག་ལེན་འཐབ་ཐོག་ལས་ ཚོགས་རྒྱན་བཙུགས་ནིའི་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ རྫོང་ཁག་དེ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༨༡༢ ཡོད་ས་ལས་༦༤༧ གྱིས་ ཚོགས་རྒྱན་བཙུགས་ཡོདཔ་ ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *