བསྟན་པ་རྡོ་རྗེ།

ལྷུན་རྩེ་ལུ་ ཉམ་ཆུང་དང་ཞི་ཞིང་འདུལ་བ་གིས་ བཙག་འཐུ་འགྲུབ་ནི་ལུ་ ཕན་ཁྱད་བྱུང་ཡོདཔ།

རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་གྲུབ་མི་ བསྟན་པ་རྡོ་རྗེ་གིས་ ཁོ་རའི་ ཉམ་ཆུང་དང་ཞི་ཞིང་འདུལ་བའི་ཁྱད་ཆོས་ ལག་ལེན་འཐབ་མི་ལུ་བརྟེན་ ཀུར་སྟོདཔ་ཚུ་ལས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་ ཐོབ་ཡོདཔ་ཨིན་པས།

སྐྱེས་ལོ་༥༠ ལང་མི་ བསྟན་པ་རྡོ་རྗེ་དེ་ ད་རེས་འབདཝ་ད་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ཐེངས་༢ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ཉམ་ཆུང་ཐོག་ལས་ མི་ཚུ་དང་འབྲེལ་བ་འཐབ་མི་ལུ་བརྟེན་ མི་སེར་ཚུ་གིས་ ཁོ་ལུ་བློ་གཏད་དང་ཡིད་ཆེས་ བསྐྱེད་ནུག་ཟེར་ཨིན་པས།

བསྟན་པ་རྡོ་རྗེ་གིས་ རྫོང་ཁག་ནང་ ཚོགས་རྒྱན་ཡོངས་བསྡོམས་༧,༨༨༥ སྐྱུར་ས་ལས་༢,༥༦༩ ཐོབ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ དེ་གིས་ རྒྱལ་ཁ་ཐོབ་མི་དེ་ མི་སེར་ཚུ་དང་གཅིག་ཁར་ མཐུན་ལམ་ལེགས་ཤོམ་ཡོདཔ་ལས་བརྟེན་ཨིན་ཟེར་ཨིནམ་ད་ དེ་ཡང་ མི་ཚུ་གིས་ བློ་གཏད་དང་ཡིད་ཆེས་ར་ཡོད་པ་ཅིན་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འབདཝ་མས་ཟེར་ཨིན་པས།

ཁོ་གིས་ མི་ཚུ་དང་གཅིག་ཁར་ འབྲེལ་མཐུན་ལེགས་ཤོམ་བཟོ་ཚུགས་མི་དེ་ ཁོ་ར་ སྤྱི་ལོ་༢༠༡༣ གྱི་ཧེ་མར་ ལྷུན་རྩེ་རྫོང་ཁག་ནང་ འབྲུག་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་པ་སྦེ་ ལོ་༣ དེ་ཅིག་ ཕྱག་ཞུ་བའི་སྐབས་ལུ་ བཟོ་ཚུགས་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ རྫོང་ཁག་གི་ མི་རེ་རེ་བཞིན་དུ་ ངོ་ཤེས་ཚུགསཔ་མ་ཚད་ ཁོང་གིས་ཡང་ ལེགས་ཤོམ་སྦེ་ར་ ངོ་ཤེས་ཟེར་ཨིན་པས།

མ་གཞི་ཁོ་ར་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་ ཉུང་ཤོས་ཅིག་ཨིན་མི་ རྒྱ་་རེད་རྒེད་འོག་ལས་ཨིན་རུང་ རྒེད་འོག་སོ་སོ་ལས་ རྒྱབ་སྐྱོར་ལེགས་ཤོམ་ཐོབ་ཡོདཔ་ད་ རྒེད་འོག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༡,༣༤༣ ལས་བརྒལ་མེདཔ་ཨིན་པས།

བསྟན་པ་རྡོ་རྗེ་ལུ་ རྒྱལ་ཡོངས་ཚོགས་སྡེ་ནང་ ཕྱག་ཞུ་བའི་ཉམས་མྱོང་ཡོདཔ་ལས་ སྤྱིར་བཏང་རྒྱལ་ཁབ་དང་ དེའི་ནང་དོན་ཉིད་ལས་ ལྷུན་རྩེ་རྫོང་ཁག་ནང་ ལྟ་བཤལ་གོང་འཕེལ་གཏང་ནི་ལུ་ ཐབས་ཤེས་བཏོན་ནི་ཟེར་ཨིནམ་ད་ དེ་ཡང་ ལྷུན་རྩེ་ལུ་ སྦས་གནས་ལེ་ཤ་ཡོད་ས་ལས་ ཡོངས་གྲགས་ཅན་གྱི་ སེངྒེ་རྫོང་གནས་ལ་སོགས་པ་ཚུ་ གོང་འཕེལ་གཏང་དགོཔ་ཁག་ཆེ་བས་ཟེར་ཨིན་པས།

གནས་གོང་འཕེལ་གཏང་དགོ་པ་ཅིན་ མཐུད་སྦྲེལ་དེ་ཡང་ གོང་འཕེལ་གཏང་དགོཔ་ཁག་ཆེཝ་ལས་ ལྷུན་རྩེ་དང་ སྒོར་གཱན་གྱི་ ཟུར་ལམ་དེ་ཡང་ བསྒྲུབ་ཚུགས་པའི་རེ་བ་ཡོད་ཟེར་ཨིནམ་ད་ ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ གཞུང་གསརཔ་དང་གཅིག་ཁར་ བསྟུན་གྲོས་འབད་ཐོག་ལས་ ཐབས་ཤེས་བཏོན་ནི་ཟེར་ཨིན་པས།

ཁོ་ར་ ལོག་བཙག་འཐུ་གྲུབ་མི་ འཐུས་མི་བགྲེསཔ་༥ གི་གྲས་ཁར་ཨིན་རུང་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་གྱི་དོན་ལུ་ བཅའ་མར་གཏོགས་ནིའི་ སེམས་མེད་ཟེར་ཨིནམ་ད་ ད་ཡང་ཁོ་གིས་ སྐུལ་བསྒྲགས་ཀྱི་སྐབས་ལུ་ ཁས་བླངས་འབད་མི་ཚུ་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ནའི་སྐོར་ལས་ མནོ་བསམ་བཏང་པའི་བསྒང་ཡོད་ཟེར་ཨིན་པས།

སྤྱི་ལོ་༢༠༡༣ གྱི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ཕམ་མི་ རིག་འཛིན་རིག་འཛིན་དེ་ ད་རུང་ དུས་ཅིའི་བཙག་འཐུ་ནང་ཡང་ བསྟན་པ་རྡོ་རྗེ་གིས་ ཕམ་བཏང་ཡོདཔ་ད་ ཁོ་གིས་ སྤྱི་ལོ་༢༠༠༨ ལས་༢༠༡༣ ཚུན་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་ནུག།

ཁོ་གིས་ སླབ་མིའི་ནང་ མ་གཞི་ཁོ་ར་ བཙག་འཐུ་འགྲུབ་ཚུགས་པའི་ རེ་བ་སྦོམ་བསྐྱེད་མི་དེ་ཡང་ མི་ཚུ་གིས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་ཡོད་པའི་ བརྡ་མཚོན་སྟོན་རུང་ ངོ་མ་འབད་བའི་བསྒང་ལས་ རྒྱབ་སྐྱོར་ལེགས་ཤོམ་ མ་འཐོབ་ཟེར་ཨིནམ་ད་ ཁོ་གིས་ བསྟན་པ་རྡོ་རྗེ་དང་ཕྱདཔ་ད་ ཚོགས་རྒྱན་༤༢༠ ཉུངམ་སྦེ་ཐོབ་ནུག།

དེ་ལུ་བལྟ་བ་ཅིན་ ཁྲོམ་ཁར་སྡོད་མི་དང་ ཤེས་ཡོན་མེད་མི་ཚོགས་རྒྱན་བཙུགས་མི་༢ ཆ་ར་གིས་ མི་ངོམ་གྱི་ཤེས་ཚད་ལུ་ ངོས་ལེན་ལེགས་ཤོམ་ཅིག་མེད་པའི་ བརྡ་མཚོན་སྟོན་མི་དེ་ཡང་ རིག་འཛིན་རིག་འཛིན་ལུ་ དགེ་བཤེས་ཀྱི་ཤེས་ཚད་དང་ གཙུག་ལག་གོང་མའི་ ཤེས་ཚད་ཡོདཔ་ཨིན་པས།

ཁོ་གིས་སླབ་མིའི་ནང་ མ་གཞི་ སྐུལ་བསྒྲགས་ཀྱི་སྐབས་ལུ་ ཤེས་ཚད་དེ་ ཁག་ཆེཝ་སྦེ་ར་སླབ་ནི་ཡོད་རུང་ བཙག་འཐུའི་གྲུབ་འབྲས་ཀྱིས་ ཤེས་ཚད་སྦོམ་ཁག་ཆེ་བའི་སྐོར་ལས་ བརྡ་མཚོན་མི་སྟོན་མས་ཟེར་ཨིནམ་མ་ཚད་ ཁོ་གིས་ བཙག་འཐུ་ལས་ ཚོགས་རྒྱན་ལེ་ཤ་ཐོབ་སྟེ་ རྒྱལ་ནིའི་མནོ་བསམ་བཏང་རུང་ མཐའན་མཇུག་ལུ་ མི་ཚུ་གི་ སེམས་བསྒྱུར་བཅོས་སོང་ནུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སྲིད་དོན་ཚོགས་པ་ཚུ་གིས་ གོ་སྐབས་བྱིན་རུང་ བཅའ་མར་གཏོགས་ནིའི་ སེམས་མེདཔ་ལས་ ད་ལས་ཕར་ ལོ་༥ གི་ནང་འཁོད་ལུ་ འཕྲོ་མཐུད་དེ་ར་ དཔེ་དེབ་འབྲི་ནིའི་ནང་ ཕར་ཚུར་ རྒྱུན་འབྲེལ་འཐབ་སྦེ་ སྡོད་ནི་ཟེར་ཨིནམ་ད་ འཕྲལ་འཕྲལ་ ད་རུང་ དགེ་བཤེས་ཀྱི་ཤེས་ཡོན་སྦྱང་ནིའི་ མནོ་བསམ་བཏངམ་མས་ཟེར་ཨིན་པས།

ལྷུན་རྩེ་ལུ་ རྒེད་འོག་༨ ཡོད་མིའི་གྲས་ལས་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་སྐྱུར་མི་ མཐོ་ཤོས་སྒང་ཟུར་རྒེད་ནང་༣,༢༠༣ ཡོད་རུང་ ཁོ་གིས་ ཚོགས་རྒྱན་༡,༠༤༣ ལས་བརྒལ་ མ་ཐོབ་པར་ཡོདཔ་ད་ དེའི་གྲས་ལས་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༦༢༣ དང་ འགྲེམ་ཐོག་རྒྱན་ཤོག་ཐོག་ལས་ ཚོགས་རྒྱན་༤༢༠ ཐོབ་ནུག།

ཧེ་མ་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ ལས་རིམ་འགོ་དཔོན་སྦེ་ཕྱག་ཞུ་མི་ ཀུན་དགའ་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཁོ་གིས་ གོམས་འདྲིས་ལྟ་སྐོར་ འགོ་འདྲེན་འཐབ་མི་ལས་འགོ་བཙུགས་ཏེ་ སྐུལ་བསྒྲགས་འབད་མ་ཆོག་པའི་ཉིནམ་ཚུ་ སྐུལ་བསྒྲགས་འབད་བའི་སྐབས་ ཁྱིམ་གུང་པ་རེ་རེ་བཞིན་དུ་ ཉུང་ཤོས་ཐེངས་༢ རེ་ སྐུལ་བསྒྲགས་འབད་ཡོདཔ་ཨིན་རུང་ མི་ཚུ་གིས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་ ལེགས་ཤོམ་འབད་མ་བཏུབ་ཟེར་ཨིན་པས།

མི་ཚུ་གིས་ བསམ་འཆར་བཀོད་མི་དང་འཁྲིལ་བ་ཅིན་ ཁོ་ལུ་ཚོགས་རྒྱན་གྱི་ རྒྱབ་སྐྱོར་ཡོདཔ་བཟུམ་ཅིག་མཐོང་རུང་ ན་འཐན་ལྟཝ་ད་ རྒྱབ་སྐྱོར་མ་འབད་བས་ཟེར་ཨིནམ་ད་ དེ་ཡང་ མཐའན་མཇུག་ལུ་ མི་ཚུ་གི་ སེམས་དཀྲུགས་ནུག་ཟེར་ཨིན་པས།

ཨིན་རུང་ སེམས་ཤི་ནི་དང་ མ་དགའཝ་བསྐྱེད་དགོཔ་མེད་ཟེར་ཨིནམ་ད་ དེ་ཡང་ཁོ་གིས་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་མིའི་དམིགས་ཡུལ་ངོ་མ་ར་ དམངས་གཙོའི་གཞི་འགྱམ་དང་ གནས་ཚད་བལྟ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།

སྐྱེས་ལོ་༤༤ ལང་མི་ ཀུན་དགའ་དཔལ་འབྱོར་དེ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ ནང་པའི་གཞུང་དང་རིག་གནས་ཀྱི་ ཤེས་ཚད་ཡོདཔ་ད་ ཁོ་གིས་ བཅའ་མར་གཏོགས་མི་དེ་ཡང་ མི་སེར་ལུ་ གདམ་འཐུ་འབད་ནིའི་དོན་ལུ་ཨིནམ་ད་ ད་ལས་ཕར་ བཙག་འཐུ་ནང་བཅའ་མར་གཏོགས་ནིའི་ སེམས་མེད་ཟེར་ཨིན་པས།

ད་རེས་ མི་ཚུ་གིས་ བཙག་འཐུ་ནང་ དྭངས་གསལ་གྱི་ཐོག་ལས་ བཅའ་མར་གཏོགས་སར་ མ་མཐོངམ་ལས་ ལོག་བཙག་འཐུ་ནང་བཅའ་མར་གཏོགས་ནི་མེན་པར་ ཚོང་ལཱ་རེ་ འབད་སྡོད་ནིའི་ མནོ་བསམ་བཏང་དོ་ཟེར་ཨིན་པས།

ཁོང་༥ གི་གྲས་ལས་ ཆུང་ཤོས་ཨིན་མི་ སྨན་སྦིས་རྒེད་འོག་ལས་ བསྟན་འཛིན་འགྱུར་མེད་ཀྱིས་ སླབ་མིའི་ནང་ ཁོ་གི་རྒེད་འོག་ལས་ར་ ཚོགས་རྒྱན་བཙུགས་མི་ཚུ་ འདེམས་ངོ་གཞན་ཅིག་གིས་ འཕྱོགས་འབག་མི་ལུ་ལྟ་བ་ཅིན་ མི་གཞོནམ་དང་ ལཱ་གཡོག་མེད་མི་ཚུ་གིས་ བཙག་འཐུ་འགྲུབ་ཚུགས་པའི་ འོས་འབབ་མེདཔ་ལས་ ཁོ་གིས་ ཆ་རོགས་ན་གཞོན་ཚུ་ལུ་ བཙག་འཐུ་ནང་ བཅའ་མར་མ་གཏོགས་ཟེར་ སླབ་ཅི་ཟེར་ཨིན་པས།

ཁོ་ལུ་ ཚོང་འབྲེལ་མཐོ་རིམ་ཤེས་ཚད་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ད་ལས་ཕར་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་སེམས་མེདཔ་ལས་ གཡུས་ཁར་ ཨ་རྟག་བཟུམ་སྦེ་ སོ་ནམ་གྱི་ལཱ་འབད་སྡོད་ནི་ཟེར་ཨིནམ་ད་ བཙག་འཐུ་ནང་ བཅའ་མར་གཏོགས་དགོ་པ་ཅིན་ མ་དངུལ་ཡང་ དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *