ལྷུན་རྩེ་རྫོང་ཁག་གི་ ལོ་བསྟར་ཚེས་བཅུ་ནང་ རྫོང་ཁག་གཞན་ཁར་གནང་སྲོལ་མེད་པའི་ གཞན་དང་མ་འདྲ་བའི་ བྱིན་རླབས་ཅན་གྱི་ ཆོས་སྐྱོང་སྡེ་བརྒྱད་ཀྱི་  སྐུ་འཆམ་གནང་སར་ མི་སེར་སྟོང་ཕྲག་ལས་བཅད་དེ་ འཛོམས་ཡོད་པའི་གནས་ཚུལ།

ལྷུན་རྩེ་ཚེས་བཅུ་ གུ་རུའི་མཐོང་གྲོལ་ མཇལ་ཁ་གནང་ཐོག་ལས་གྲོལ་ཡོདཔ།

༉ ལྷུན་རྩེ་རྫོང་ཁག་གི་ རྟེན་འབྲེལ་ཐང་ནང་སྦེ་ ཉིན་གྲངས་༤ གི་རིང་ ལོ་བསྟར་ཚེས་བཅུ་འགོ་འདྲེན་འཐབ་མི་དེ་ ཁ་ཙ་དྲོ་པར་ གུ་རུའི་མཐོང་གྲོལ་དང་ ཉིན་མར་ གུ་རུ་མཚན་བརྒྱད་ཀྱི་ སྐུ་འཆམ་མཇལ་ཁ་གནང་ཐོག་ལས་ གྲོལ་ཡི།
ཚེས་བཅུ་མཇལ་བར་ མི་ལེ་ཤ་ སྤུངས་འཛོམས་འབད་མི་ལུ་བརྟེན་ རྫོང་ནང་མ་ཤོང་པར་ མི་སེར་བརྒྱ་ཕྲག་ལས་ བཅད་དེ་ རྫོང་གི་ཕྱི་ཁར་སྡོད་དགོཔ་བྱུང་ཡོདཔ་མ་ཚད་ རྫོང་ནང་འཛུལ་མི་ཚུ་ སྐུ་འཆམ་མཇལ་ཁ་ཞུ་སྟེ་ ཕྱི་ཁ་ཐོནམ་ད་རྐྱངམ་གཅིག་ གུ་རུའི་དབང་ཞུ་བར་ ནང་ན་འཛུལ་ཚུགས་ཅི།
སྐྱེས་ལོ་༤༠ ལང་མི་ ཕུན་ཚོགས་སྟོབས་རྒྱས་དང་ ཨམ་བཀྲིས་ལྷ་མོ་གཉིས་ཀྱིས་ སླབ་མིའི་ནང་ ཚེས་བཅུ་ཉིནམ་མཇུག་དང་འབྲེལ་ གུ་རུའི་མཐོང་གྲོལ་དང་ གུ་རུ་མཚན་བརྒྱད་ཀྱི་ སྐུ་འཆམ་མཇལ་བར་ དྲོ་པ་ཆུ་ཚོད་༢ ལས་ལོང་སྟེ་ ཆུ་ཚོད་༤ དེ་ཅིག་ཁར་ སྒང་ཟུར་རྒེད་འོག་གནས་གཡུས་ཚན་ལས་ འོང་ཡོད་རུང་ རྫོང་ནང་ན་མ་ཤོང་མི་ལུ་བརྟེན་ ཕྱི་རུ་ཁམས་ཅིག་ལུ་མ་གཏོགས་ སྐུ་འཆམ་མཇལ་མ་ཚུགས་ཟེར་ཨིན་པས།

དུས་ཅི་ ལྷུན་རྩེ་ཚེས་བཅུ་མཇལ་བར་ མི་སེར་སྟོང་ཕྲག་ལས་བཅད་དེ་ འཛོམས་ཡོདཔ།

ཨིན་རུང་ རྫོང་གི་ཕྱི་ཁ་སྡོད་དེ་ སྨོན་ལམ་བཏབ་པའི་ཤུལ་ལུ་ ཕྱི་རུ་ཁམས་ཅིག་ཁར་ དངོས་སུ་སྦེ་ སྐུ་འཆམ་མཇལ་ཁ་ ཞུ་ཚུགས་ནི་དེ་གིས་ བསམ་རྫོགས་ཅི་ཟེར་ཨིན་པས།
སྐྱེས་ལོ་༤༠ ལང་མི་ སངས་རྒྱས་ཆོས་འཕེལ་གྱིས་ སླབ་མིའི་ནང་ བྱིན་རླབས་ཅན་གྱི་ སྐུ་འཆམ་ཚུ་ མཇལ་བར་འོང་ཡི་ཟེར་ཨིནམ་ད་ རྫོང་ཁག་བདག་སྐྱོང་དང་ རབ་སྡེ་གྲྭ་ཚང་གིས་ མ་འོངས་པའི་ནང་ ཚེས་བཅུའི་གར་འཆམ་ཚུ་ རྫོང་གི་ཕྱི་ཁ་སྦེ་ མཇལ་ཁ་གནང་པ་ཅིན་ དད་ཅན་མི་སེར་ག་ར་གིས་ མཇལ་ཚུགས་ནི་མས་ཟེར་ཨིན་པས།
ལྟདམོ་བལྟ་བར་འོང་མི་ བསོད་ནམས་ཚེ་རིང་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཚེས་བཅུ་མཇལ་བར་ འོང་མི་ མི་ཉུང་སུ་ཅིག་ལས་མེད་རུང་ དུས་ཅི་ མི་སྟོང་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་མི་དེ་ ཚེས་བཅུའི་སྐབས་ སྐུ་འཆམ་གསརཔ་ བཙུགས་ཡོད་མི་ལུ་བརྟེན་ ཨིནམ་འོང་ནི་མས་ཟེར་ཨིན་པས།
རྫོང་ཁག་སྲོལ་འཛིན་འགོ་དཔོན་ སངས་རྒྱས་ཀྱིས་ སླབ་མིའི་ནང་ ཆོས་སྐྱོང་སྡེ་བརྒྱད་འབག་འཆམ་གནང་ནིའི་ སྲོལ་དེ་ འདས་པའི་ལོ་ལས་ འགོ་བཙུགས་ཅི་ཟེར་ཨིནམ་ད་ དེ་ཡང་ ཆོས་སྐྱོང་སྲུང་མ་ཚུ་ལུ་ གསོལཝ་བཏབ་ བྱིན་རླབས་ཞུ་ནི་དང་ རྒྱལ་ཁབ་ཞི་བདེ་གི་དོན་ལུ་ ཨིན་ཟེར་ཨིན་པས།
མོང་སྒར་རྫོང་ཁག་ལས་ ཚེས་བཅུ་མཇལ་བར་འོང་མི་ ལ་ལོ་ཅིག་གིས་ སླབ་མིའི་ནང་ ཆོས་སྐྱོང་སྡེ་བརྒྱད་ འབག་འཆམ་དེ་ རྫོང་ཁག་གཞན་ཁར་ གནང་ས་མ་མཇལ་ཟེར་ཨིནམ་ད་ སྐུ་འཆམ་འདི་ མཇལ་ཁ་ཞུཝ་ད་ ཡ་མཚན་ཆེ་ཏོག་ཏོ་འདུག་ཟེར་ཨིན་པས།
རྒྱལ་པོ་ཧ་ཅང་དང་ ཚེ་རིང་མ་ཟེར་ ཨ་རྒས་ཀྱི་ ཞལ་འབགཔ་བཙུགས་ གཡས་དང་གཡོན་ལས་ ཕྱག་ཞུ་མི་ བུམོ་༢ ཁྱིད་དེ་ ཐོན་མི་དེ་ཡང་ ཡ་མཚན་ཆེ་བས་ཟེར་ཨིན་པས།
དུས་ཅི་ ཚེས་བཅུའི་སྐབས་ རྫོང་ཁག་གི་ ཞབས་ཁྲ་རྐྱབ་མི་གི་ལྷན་ཐབས་ལུ་ གླུ་གར་གྱི་ མཆོད་པ་ཕུལ་མི་ སློབ་ཕྲུག་བུཚ་དང་ བུམོ་ཚུ་གིས་ བཅའ་མར་གཏོགས་ཅི།
ལྷུན་རྩེ་རྫོང་ཁག་གི་ ཚེས་བཅུ་དེ་ རྫོང་ཁག་བདག་སྐྱོང་དང་ རབ་སྡེ་གྲྭ་ཚང་༢ མཉམ་རུབ་ཐོག་ལས་ འགོ་འདྲེན་ འཐབ་ཡོདཔ་བཞིན་དུ་ ཚེས་བཅུ་དེ་ ལོ་བསྟར་བཞིན་དུ་ རང་ཟླ་༡༡ པའི་ཚེས་༨ ལས་༡༢ ཚུན་ འགོ་འདྲེན་ འཐབ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *