གནས་སྟངས་སྐྱོ་དྲགས་སྦེ་ཡོད་མི་ ལྷུན་རྩེ་དང་ སྒང་མགོ་ལ་བར་ནའི་ གཞུང་ལམ།

ལྷུན་རྩེ་དང་ སྒང་མགོ་ལ་བར་ནའི་ གཞུང་ལམ་གནས་སྟངས་ སྐྱོ་དྲགས་ཡོདཔ།

༉ མོང་སྒར་དང་ ལྷུན་རྩེའི་བར་ན་ གཞུང་ལམ་གྱི་གནས་སྟངས་ སྐྱོ་དྲགས་ཡོད་ནི་དེ་གིས་ མི་སེར་ཚུ་ལུ་ གདོང་ལེན་བྱུང་སྟེ་འདུག།
མོང་སྒར་ སྒང་མགོ་ལ་ལས་ ལྷུན་རྩེ་ཚུན་ ཀི་ལོ་མི་ཊར་༦༥ ལྷགཔ་ཅིག་འབད་མི་ གཞུང་ལམ་དེ་ གླིང་མི་ཐང་ལུ་ཡོད་པའི་ ལམ་སེལ་ལས་སྡེ་གིས་ ཉམས་བཅོས་ཕྱམ་ཕྱིམ་འབད་ཡོད་རུང་ དུས་རྒྱུན་དུ་ རྒྱུན་འགྲུལ་འཐབ་མི་ སྣུམ་འཁོར་བརྒྱ་ལས་བཅད་དེ་ཡོད་མི་དང་ ཆུའི་གཡུར་བ་མེད་མི་ལུ་བརྟེན་ ཡུན་རིངམོ་སྦེ་ ཕན་ཐོགས་མི་ ཚུགས་དོ་ཨིན་པས།
སྣུམ་འཁོར་བཱསི་དེད་གཡོགཔ་ མིག་དམར་རྡོ་རྗེ་གིས་ སླབ་མིའི་ནང་ སྒང་མགོ་ལ་ལས་ ལྷུན་རྩེ་ཁྲོམ་ཚུན་ འཁོར་ལམ་བདའ་སྟེ་ ཧ་ཀ་ཧ་ཀོ་ཐོན་མི་དང་ ལམ་ཆད་མིའི་གནད་དོན་ལུ་བརྟེན་ འཕྲལ་འཕྲལ་ར་ སྣུམ་འཁོར་མེདཔ་ཐལ་བའི་ཁར་ ཉེན་སྲུང་དང་ལྡན་པའི་ འཁོར་ལམ་མེདཔ་ལས་ དཀའ་ངལ་འདུག་ཟེར་ཨིན་པས།
འདས་པའི་ལོ་༡༠ གྱི་ཧེ་མར་ འཁོར་ལམ་གྱི་སྤུས་ཚད་ལེགས་ཤོམ་ཡོདཔ་ལས་ ལྷུན་རྩེ་ལས་ མོང་སྒར་ཁྲོམ་ཚུན་ དུས་ཡུན་ཆུ་ཚོད་༣ ལུ་ ལྷོད་ཚུགསཔ་ཨིན་རུང་ ད་རེས་ནངས་པར་ ཆུ་ཚོད་ཕྱེད་དང་༥ ལང་རུང་ ལྷོད་མི་ཚུགས་པས་ཟེར་ཨིན་པས།
སྣུམ་འཁོར་ཊཱག་བཏང་མི་ བདེ་ཆེན་གྱིས་ སླབ་མིའི་ནང་ རྫོང་ཁག་ག་ཏེ་ཡང་ གཞུང་ལམ་རྒྱ་སྐྱེད་འབད་ནིའི་ མཐུན་རྐྱེན་ཚུ་གནང་སྟེ་ ལོ་༥ དེ་ཅིག་ལང་རུང་ སྒང་མགོ་ལ་དང་ ལྷུན་རྩེའི་བར་ན་ རྒྱ་སྐྱེད་འབད་ནི་ཕར་བཞག་ ཉམས་བཅོས་ཡང་ འབད་མ་ཚུགས་པའི་གདོང་ལེན་ཡོད་མི་དེ་ ཤེས་མ་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ སྣུམ་འཁོར་བོ་ལི་རོ་ཅིག་ གསརཔ་མཁོ་སྒྲུབ་འབད་དེ་ ལོ་༡ ཡང་མ་ལངམ་ལས་ མེདཔ་ཐལ་ཏེ་ འཕྲལ་འཕྲལ་ར་ སྣུམ་འཁོར་བཅོ་དགོཔ་ཐོན་མི་ ཇོ་བདག་ཚེ་རིང་ལ་གིས་ སླབ་མིའི་ནང་ ལམ་རྒྱ་སྐྱེད་ཀྱི་དོན་ལུ་ སྣུམ་འཁོར་ལམ་ལྟག་དང་ འོག་གི་ཤིང་ཚུ་ བཏོགས་བཏང་སྟེ་ ལོ་ལང་རུང་ འགོ་བཙུགས་ནི་མིན་འདུག་ཟེར་ ཨིན་པས།
སྟག་མོ་ཆུ་ལས་ཨིན་མི་ བདེ་སྐྱིད་ཀྱིས་ སླབ་མིའི་ནང་ བདུན་ཕྲག་རེ་ལུ་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ ཁང་ནང་ སྨན་བཅོས་འབད་བར་འགྱོཝ་ད་ ལམ་ལེགས་ཤོམ་མེདཔ་ལས་ ནམ་ལྷོད་ཚུགས་ག་ཟེར་བའི་ ན་ཟུག་གིས་འབད་མི་ཚུགས་པས་ཟེར་ཨིན་པས།
འདས་པའི་ལོ་ཚུ་ནང་ ཞབས་ཏོག་བློན་པོ་རྡོ་རྗེ་ཆོས་སྒྲོན་གྱིས་ གཞུང་ལམ་རྒྱ་སྐྱེད་འབད་ནིའི་དུས་ཚོད་ ཡུན་འགྱངས་ལུས་མི་དེ་ ཤིང་མཁར་དང་ སྒོར་གཱན་གྱི་ ལམ་སེལ་མ་ཚུགས་མི་དང་ རྡོ་རྗེ་ལུངམ་ལུ་ གློག་མེ་ལས་འགུལ་ལུ་བརྟེན་ཨིན་ཟེར་ ཨིན་པས།
སྒོར་གཱན་ལུ་སྡོད་མི་ཚོང་པ་ཚུ་གིས་ སླབ་མིའི་ནང་ འདས་པའི་གཞུང་གིས་ ཤིང་མཁར་དང་ སྒོར་གཱན་གྱི་ ཕྲང་ལམ་བསལ་ནི་ཨིན་ཟེར་ མི་སེར་ཚུ་ལུ་ སླབ་ཅི་ཟེར་ཨིན་པས།
ཨའུ་མཚོ་ལུ་ཡོད་པའི་ ལམ་སེལ་ལས་སྡེའི་ བཟོ་རིག་འགོ་དཔོན་ ག་ལེ་གིས་ སླབ་མིའི་ནང་ འཁོར་ལམ་ ཉམས་བཅོས་འབད་ནི་དང་ ལོག་རྩི་ནག་གཏང་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༢༥ དེ་ཅིག་ བཞག་སྟེ་ཡོདཔ་བཞིན་དུ་ རིན་བསྡུར་ཡང་ འབད་ཚར་ཡི་ཟེར་ཨིན་པས།
ལྷག་པར་དུ་ འཁོར་ལམ་ཀི་ལོ་མི་ཊཪ་༡༨ དེ་ཅིག་ ཧ་ཀ་ཧོ་ཀ་ཐོན་མི་ཚུ་ བསུབས་པའི་ཁར་ ཉམས་བཅོས་འབད་བའི་བསྒང་ཡོད་ཟེར་ བཟོ་རིག་འགོ་དཔོན་གྱིས་ སླབ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *