ལྷུན་རྩེ་དང་ མོང་སྒར་བར་ནའི་ བཱསི་གི་ཞབས་ཏོག་ ལོག་འགོ་བཙུགས་ཡོདཔ།

༉ ལྷུན་རྩེ་དང་ མོང་སྒར་བར་ནའི་འགྲུལ་བསྐྱོད་འབད་མི་ འགྲུལ་འཁོར་བཱསི་རྙིངམ་གི་ གནས་ཡུན་ཚང་སྟེ་ སྐྱེལ་འདྲེན་གྱི་ ཞབས་ཏོག་མེད་པར་ ཟླཝ་༥ དེ་ཅིག་ལུས་པའི་ཤུལ་ལུ་ བཱསི་གསརཔ་གི་ ཞབས་ཏོག་དེ་ སྤྱི་ཟླ་༩ པའི་ཚེས་༡༤ ལས་ ལོག་འགོ་བཙུགས་ཅི། 

དེ་ཡང་ ཧེ་མ་ འཇམ་དཔལ་ནོར་བཟང་སྐྱེལ་འདྲེན་ཞབས་ཏོག་གི་ཚབ་ལུ་ དགའ་འཁྱིལ་སྐྱེལ་འདྲེན་ཞབས་ཏོག་བཙུགས་ཡོདཔ་ད་ ཞབས་ཏོག་འཕྲོ་མཐུད་བཙུགས་མི་གིས་ ལྷུན་རྩེ་གི་ མི་སེར་ཚུ་ལུ་ དཀའ་ངལ་སེལ་ཚུགས་ཡོདཔ་མ་ཚད་ གནས་ཚུལ་བཟང་པོ་ཅིག་ཡང་ཨིན་པས།

ལྷུན་རྩེ་ལས་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ ཟླ་རིམ་བཞིན་དུ་ སྨན་བཅོས་འབད་བར་འོང་མི་ དོན་ཧིང་གི་ནད་གཞི་ཡོད་མི་ ནདཔ་ཅིག་གིས་ སླབ་མིའི་ནང་ འདས་པའི་ཟླཝ་ཚུ་ནང་ འགྲུལ་འཁོར་མེད་མི་ལུ་བརྟེན་ གླ་འཁོར་ལུ་ གླ་ཆ་ཐེབས་སྤྲོད་དགོ་པའི་ཁར་ སྣུམ་འཁོར་ཐོབ་མ་ཚུགས་པའི་ གདོང་ལེན་འབྱུང་ཡི་ཟེར་ཨིན་པས།

གཡུས་མི་ཅིག་གིས་ སླབ་མིའི་ནང་ ལྷུན་རྩེ་ལས་མོང་སྒར་འོང་ནིའི་དོན་ལུ་ གླ་འཁོར་གྱི་ གླ་ཆ་དམའ་ཤོས་ དངུལ་ཀྲམ་༦༠༠ རེ་ སྤྲོད་དགོཔ་ད་ འགྲུལ་འཁོར་བཱསི་ནང་འབད་བ་ཅིན་ དངུལ་ཀྲམ་༡༥༠ མ་གཏོགས་ སྤྲོད་མི་དགོ་པས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སྐྱེལ་འདྲེན་བཱསི་གི་ཞབས་ཏོག་དེ་ མི་སེར་ཉམ་ཆུང་ཚུ་གི་དོན་ལུ་ དཀའ་ངལ་སེལ་མི་ གཙོ་བོ་ཅིག་ ཨིན་ཟེར་ཨིན་པས།

ལྷུན་རྩེ་གི་ མི་སེར་མང་ཤོས་ཅིག་ མོང་སྒར་ལུ་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་ཞབས་ཏོག་གི་དོན་ལུ་ འོང་དོ་ཡོདཔ་ད་ ལ་ལོ་ཅིག་ ཉོ་ཚོང་རྐྱབ་པར་དང་ ལ་ལོ་ཅིག་ གནད་དོན་གཞན་གྱི་དོན་ལུ་ཡང་ འོངམ་ཨིན་པས།

འགྲུལ་འཁོར་ཞབས་ཏོག་དེ་གིས་ མོང་སྒར་རྫོང་ཁག་ ཆ་གླིང་དང་ ཙ་ཀ་གླིང་རྒེད་འོག་༢ ཀྱི་མི་སེར་ཚུ་ལུ་ཡང་ ཕན་ཐོགས་བྱུང་ཚུགསཔ་ཨིན་པས།

ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ འགྲུལ་འཁོར་གསརཔ་གི་གནང་བ་དེ་ ཧེ་མ་ལས་ སྤྲོད་ཡོད་རུང་ ནད་ཡམས་ཀྱི་ གནས་སྟངས་ལུ་བརྟེན་ མཁོ་མངགས་འབད་མི་འགྲུལ་འཁོར་གསརཔ་ཚུ་ དུས་ཚོད་ཁར་ རྒྱལ་ཁབ་ནང་ ལྷོད་མ་ཚུགས་པར་ ཡུན་འགྱངས་ལུས་སོ་ཡི་ཟེར་ཨིན་པས།

ལྷུན་རྩེ་ལུ་ཡོད་པའི་ དབང་འཛིན་གྱི་ ཡན་ལག་ཡིག་ཚང་གི་འགོ་འཛིན་པ་ དམ་ཆོས་རྡོ་རྗེ་གིས་ སླབ་མིའི་ནང་ འགྲུལ་འཁོར་ཞབས་ཏོག་ཚུ་ ད་ལས་ཕར་ ཉིན་བསྟར་བཞིན་དུ་ རྒྱུན་མ་ཆད་པར་ དྲོ་པ་ ལྷུན་རྩེ་ལས་ མོང་སྒར་འོང་ཞིནམ་ལས་ ཉིན་མ་ལོག་ལྷུན་རྩེ་ལུ་ འགྱོ་འོང་ཟེར་ཨིནམ་ད་ སྣུམ་འཁོར་ཚུ་ རྙིངམ་ཐལཝ་ད་ བདུན་ཕྲག་རེ་ནང་ ཉིནམ་རེ་ ངལ་གསོ་བཞགཔ་ཨིན་ཟེར་ཨིན་པས།

འདི་དང་འདྲཝ་སྦེ་ མོང་སྒར་དང་ པདྨ་དགའ་ཚལ་བར་ན་ཡང་ སྤྱི་ཟླ་༩ པའི་ཚེས་༤ ལས་འགོ་བཙུགས་ཏེ་ འགྲུལ་འཁོར་ཞབས་ཏོག་ འགོ་བཙུགས་ཡོདཔ་བཞིན་དུ་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ ཧེ་མ་ ས་མཚམས་བདའ་སྟེ་ འགྲུལ་བསྐྱོད་འབད་མི་ ནད་ཡམས་ཀྱིས་གནོད་མི་ ཀཱོསི་ཊར་བཱསི་གི་ ཇོ་བདག་དེ་ལུ་ གནས་སྐབས་ཀྱི་ ལམ་བྱིན་ཡོདཔ་ཨིན་པས།

མ་གཞི་ འགོ་ཐོག་ལུ་ འགྲུལ་པ་༧ མ་གཏོགས་མེད་རུང་ བདུན་ཕྲག་༡ ནང་ རེས་གཟའ་ལྷག་པ་ལས་ ཟླ་བ་ཚུན་ མོང་སྒར་དང་ པདྨ་དགའ་ཚལ་བར་ན་ རྒྱུན་འགྲུལ་འཐབ་ནི་ཨིན་པས།

ཞབས་ཏོག་དེ་ གནས་སྐབས་ཀྱི་ དོན་ལུ་ཨིན་རུང་ གླ་འཐུས་ལུ་བརྟེན་ ཡུན་བརྟན་སྦེ་གནས་ཚུགས་པ་ཅིན་ འཕྲོ་མཐུད་དེ་ར་བཞག་འོང་ཟེར ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *