༉ ལྷུན་རྩེ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་གཞོན་ཤོས་ སྐྱེས་ལོ་༢༩ ལང་མི་ སྨན་སྦིས་རྒེད་འོག་གི་ བསྟན་འཛིན་འགྱུར་མེད་ཀྱིས་ ཁོ་ར་ལས་རྒས་མི་ གདམ་ངོ་གཞན་ཚུ་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་པས།
ཁོ་གི་བྱང་ཕྱད་ཚུ་ སྐྱེས་ལོ་༤༤ ལས་༥༠ གི་ བར་ན་འབད་མི་ཡོད་པའི་ཁར་ ཉམས་མྱོང་ཅན་ཙང་ཙ་ཨིན་པས།
བསྟན་འཛིན་འགྱུར་མེད་ཁོ་ར་ རྒེད་འོག་ནང་ལས་ གདམ་ངོ་སྦེ་ཐོན་མི་ དང་པ་ཨིན་པའི་ཁར་ ཁོ་གིས་ སྤྱི་ལོ་༢༠༡༣ ལུ་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་ མཇུག་བསྡུ་བའི་ཤུལ་ལས་ གཡུས་ཁར་སོང་སྟེ་ ཚོང་ལཱ་འབད་ཡོདཔ་ཨིན་པས།
བཙག་འཐུ་ནང་ དོ་འགྲན་འབད་མི་ གཞོན་ཤོས་ཨིན་རུང་ ཁོ་གིས་ བསྐྱར་ཞིབ་ཚོགས་ཁང་ནང་ ཧེ་མ་ལས་ཡོད་པའི་ ཉམས་མྱོང་དང་ ཤེས་ཚད་ཀྱི་ཁྱད་པར་བཟོ་ནི་མེན་པར་ རང་སོའི་ལྕོགས་གྲུབ་ལུ་ རག་ལས་ནི་ཨིནམ་ལས་ ཁོ་ལུ་ གོ་སྐབས་བྱིན་པ་ཅིན་ ཁོ་གིས་ འགན་འཁྲི་འབག་ནི་ལུ་ གྲ་སྒྲིག་ཡོད་ཟེར་ སླབ་ཨིན་པས།
ཁོ་གིས་ རྒེད་འོག་འཛོམས་འདུ་ནང་ལས་ དགོ་ཟེར་མི་ཚོགས་རྒྱན་༢༣༡ དང་ མི་དགོ་ཟེར་མི་༤༩ ཐོབ་ཡོདཔ་ཨིན་པས།
སྐྱེས་ལོ་༣༦ ལང་མི་ ཀུར་སྟོད་རྒེད་འོག་ལས་ འགྱུར་མེད་བསྟན་འཛིན་གྱིས་ རྒེད་འོག་ནང་ལས་ གདམ་འཐུ་གྲུབ་པའི་ཤུལ་ལུ་ སྐུལ་བསྒྲགས་འགོ་བཙུགས་ནིའི་དོན་ལས་ རྫོང་ཁག་ངོས་ལེན་འགོ་དཔོན་གྱི་ གསལ་བསྒྲགས་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་ སྤྱི་ཟླ་༣ པའི་ཚེས་༡༩ ལུ་ འདེམས་ངོའི་ཐོ་བཀོད་འབད་ནིའི་དོན་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པའི་ཁར་ ཁོ་གིས་ཡང་ ཧེ་མ་ ཚོགས་ཁང་ནང་ལཱ་འབད་བའི་ ཉམས་མྱོང་ཡོད་མི་ཚུ་དང་གཅིག་ཁར་ དོ་འགྲན་འབད་ནི་དེ་ ལཱ་ཁག་ཅིག་ཨིན་རུང་ གོ་སྐབས་འཐོབ་པ་ཅིན་ མི་སེར་གྱི་དོན་ལུ་ དོན་སྨིན་ཅན་གྱི་ཐོག་ལས་ ཕྱག་ཞུ་ནི་ལུ་ གྲ་སྒྲིག་ཡོད་ཟེར་ སླབ་ཨིན་པས།
ཁོ་གིས་ རྒེད་འོག་འཛོམས་འདུ་ནང་ལས་ དགོ་ཟེར་མི་ཚོགས་རྒྱན་༡༧༧ དང་ མི་དགོ་ཟེར་མི་༧ ཐོབ་ནུག།
རྒྱ་རེད་རྒེད་འོག་གི་ ད་ལྟོ་ ཚོགས་སྡེའི་འཐུས་མི་ བསྟན་པ་རྡོ་རྗེ་གིས་འབད་བ་ཅིན་ ཁོ་གིས་ འདས་པའི་ལོ་༥ འི་རིང་ ཚོགས་ཁང་ནང་ ལཱ་འབད་མི་དེ་གིས་ མི་སེར་གྱི་དཀའ་སྡུག་ཚུ་ ག་དེ་སྦེ་ར་ ཡོདཔ་ཨིན་ན་ཚུ་ ཁོ་གིས་ ལེགས་ཤོམ་སྦེ་ ཧ་གོ་ཡོདཔ་མ་ཚད་ སྲིད་བྱུས་དང་ཐབས་བྱུས་སྣ་ཚོགས་ཀྱི་ཐོག་ལས་ མི་སེར་གྱི་དཀའ་ངལ་ཚུ་ བསལ་ཚུགས་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་ རྒེད་འོག་འཛོམས་ནང་ལས་ དགོ་ཟེར་མི་ཚོགས་རྒྱན་༡༥༩ དང་ མི་དགོ་ཟེར་མི་༡༧ ཐོབ་ཡོདཔ་ཨིན་པས།
མཁོ་མ་རྒེད་འོག་གི་ རིག་འཛིན་རིག་འཛིན་གྱིས་ ད་རེས་འབདཝ་ད་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ ཐེངས་༣ བཅའ་མར་གཏོགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༣ ལུ་ རྒྱལ་ཁ་ཐོབ་མ་ཚུགས་པས།
ཁོ་གིས་སླབ་མིའི་ནང་ རྒེད་འོག་༧ གྱི་མི་སེར་ཚུ་གིས་ ཨུ་ཚུགས་མ་རྐྱབ་པ་ཅིན་ སྤྱི་ལོ་༢༠༡༣ གྱི་ཤུལ་ལས་ ལཱ་གཞན་འབད་དེ་ སྡོད་སྡོདཔ་འོང་ཟེར་ཨིན་པས།
ཁོ་གིས་ རྒེད་འོག་འཛོམས་འདུ་ནང་ལས་ དགོ་ཟེར་མི་ཚོགས་རྒྱན་༢༦༩ དང་ མི་དགོ་ཟེར་མི་༦ ཐོབ་ཡོདཔ་ད་ ཁོ་གིས་ ཁོ་རའི་ཤེས་ཚད་དང་ཉམས་མྱོང་ཡོདཔ་ལས་ ཀི་དེབ་འབྲི་ནི་དང་ གཞན་ལཱ་འབད་སྡོད་ནི་མེན་པར་ རྒྱལ་ཁམས་ཀྱི་དོན་ལུ་ ཚོགས་ཁང་ནང་བཅའ་མར་གཏོགས་པ་ཅིན་ ཕན་ཐོགས་མངམ་སྦེ་ར་ འབྱུང་ཚུགས་ནི་མས་ཟེར་ཨིན་པས།
སྒང་ཟུར་རྒེད་འོག་གི་གདམ་ངོ་ ཀུན་དགའ་དཔལ་འབྱོར་གྱིས་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ ལོ་༡༥ འི་རིང་ ལཱ་འབད་བའི་ཁར་ གདམ་ངོའི་འཛོམས་འདུ་སྐབས་ མི་སེར་ཚུ་ལུ་ རང་སོའི་ཚོགས་རྒྱན་བཙུགས་ནི་གི་ དབང་ཚད་ཡོད་མི་དེ་ འཕྲོ་བརླག་གཏང་ནི་མི་འོང་ཟེར་ སླབ་ཨིན་པས།
ཁོ་གིས་ རྒེད་འོག་འཛོམས་འདུ་ནང་ དགོ་ཟེར་མི་ཚོགས་རྒྱན་༢༥༥ དང་ མི་དགོ་ཟེར་མི་༢༨ ཐོབ་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།