༉ ལྷུན་རྩེ་ཁྲོམ་སྡེ་ནང་ སྣུམ་འཁོར་ཊཱག་བཞག་སའི་ ས་ཁོངས་མེད་པའི་དཀའ་ངལ་དེ་ འཆར་གཞི་༡༢ པའི་ནང་ གཙོ་རིམ་བཟུང་སྟེ་ སེལ་ཐབས་འབད་ནི་ཨིན་པས།
དེ་ཡང་ རྫོང་ཁག་ཚོགས་འདུ་ཐེངས་༣ པ་ འགོ་འདྲེན་འཐབ་པའི་སྐབས་ ཁྲོམ་སྡེ་ངོ་ཚབ་ཀྱིས་ གྲོས་གཞི་བཙུགས་མིའི་གུ་ གསུང་གྲོས་གནང་སྟེ་ ཚོགས་འདུའི་ཁྲི་འཛིན་ ཀུན་བཟང་མི་འགྱུར་གྱིས་ ཁྲོམ་སྡེ་ས་ཁོངས་འཆར་གཞིའི་ ལས་སྣ་ཚུ་དང་འཁྲིལ་ འོས་འབབ་དང་བསྟུན་ ངོས་འཛིན་འབད་དགོ་པའི་ གྲོས་ཐག་བཅད་ནུག།
ཁྲི་འཛིན་ཀུན་བཟང་མི་འགྱུར་གྱིས་ ཁྲོམ་ནང་ སྣུམ་འཁོར་ཊཱག་ཚུ་ བཞག་ནིའི་དོན་ལུ་ འདས་པའི་ཚོགས་འདུ་ནང་ལས་ གྲོས་ཆོད་བཏོན་མི་དང་འཁྲིལ་ ལཱ་འགོ་བཙུགས་ཡོད་རུང་ ཨ་རྟག་གི་གནས་སྟངས་ལུ་ ཐུག་ཡོདཔ་ལས་ བཟོ་སྐྲུན་གྱི་ལཱ་ཚུ་ ག་དེ་སྦེ་ འཕྲོ་མཐུད་འབད་ནི་ཨིན་ན་ཟེར་བཤད་ཅི།
དེ་ལུ་ ཁྲོམ་སྡེ་ངོ་ཚབ་ བསོད་ནམས་དབང་འདུས་ཀྱིས་ འབད་བ་ཅིན་ ཧེ་མ་ལས་ངོས་འཛིན་འབད་མི་ ས་ཁོངས་ནང་ རྫོང་ཁག་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ སེལ་ཡོད་རུང་ གྲུབ་འབྲས་འཐོན་མ་ཚུགསཔ་ལས་ འཕྲོ་མཐུད་སེལ་དགོ་མི་ལུ་བརྟེན་ ད་རུང་ རྫོང་ཁག་ལས་ རྒྱབ་སྐྱོར་དགོ་པས་ཟེར་ཨིན་པས།
རྫོང་བདག་འཇམ་དཔལ་དབང་ཕྱུག་གིས་ སླབ་མིའི་ནང་ རྫོང་ཁག་བདག་སྐྱོང་གིས་ སྣུམ་འཁོར་ཊཱག་བཞག་སའི་ ས་ཁོངས་སེལ་ཚར་བའི་ཤུལ་ལས་ བདུན་ཕྲག་ལྷག་སོ་རུང་ ཊཱག་གཅིག་གིས་ཡང་ ས་ཁོངས་དེ་ནང་ བཞག་མ་བཏུབ་མ་ཚད་ བདག་འཛིན་འབད་མི་ཡང་མེདཔ་ལས་ ལོག་མ་དངུལ་གྱི་ རྒྱབ་སྐྱོར་འབད་ནི་ལུ་ དཀའ་ངལ་འབྱུང་ནི་མས་ཟེར་ཨིན་པས།
ཧེ་མ་ཡང་ རྫོང་ཁག་གིས་ མ་དངུལ་རྒྱབ་སྐྱོར་གནང་སྟེ་ སྣུམ་འཁོར་ཊཱག་བཞག་སའི་ ས་ཁོངས་སེལ་རུང་ བདག་འཛིན་འཐབ་མི་ ག་ཡང་མེད་པར་ སྣང་མེད་བཞག་མི་ལུ་བརྟེན་ མེདཔ་ཐལ་ཡོདཔ་ད་ སྣུམ་འཁོར་ཇོ་བདག་དང་ ཁྲོམ་སྡེ་ནང་ སྡོད་མི་ཚུ་གིས་ ལེགས་ཤོམ་སྦེ་ འཛིན་སྐྱོང་འཐབ་ནིའི་ འཆར་གཞི་བརྩམས་ཏེ་ རྫོང་ཁག་ལུ་ ཡིག་ཐོག་ཕུལ་བ་ཅིན་ འོས་འབབ་བལྟ་འོང་ཟེར་ཨིན་པས།
ཨིན་རུང་ ཁྲོམ་སྡེ་ལས་ བསོད་ནམས་དབང་འདུས་ཀྱིས་ རྫོང་ཁག་གིས་ མ་དངུལ་གནང་སྟེ་ ལཱ་འབད་ཡོད་རུང་ བཟོ་སྐྲུན་འབད་མ་ཚར་བའི་ཁར་ ས་རུད་ཆད་མི་དང་ གཡུར་བའི་ཆུ་གིས་ འཁོར་ལམ་དང་ ས་ཁོངས་མེདཔ་བཏང་ཡོདཔ་ལས་ ཊཱག་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་ཟེར་ཨིན་པས།
སྣུམ་འཁོར་ཊཱག་བཞག་སའི་ ས་ཁོངས་དེ་ ཁྲོམ་སྡེ་ནང་ སྡོད་མི་ཚུ་གིས་ བདག་འཛིན་འབད་དགོ་ཟེར་ ད་ཚུན་གྱི་བར་ན་ རྫོང་ཁག་བདག་སྐྱོང་གིས་ རྩིས་སྤྲོད་ལེན་མ་འབད་བར་ བཞག་ནུག་ཟེར་ ཚོགས་པ་བསོད་ནམས་དབང་འདུས་ཀྱིས་ སླབ་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ཡིག་ཚང་ལས་ པ་སངས་ཀྱིས་ སླབ་མིའི་ནང་ སྣུམ་འཁོར་ཊཱག་བཞག་སའི་ ས་ཁོངས་ངོས་འཛིན་འབད་མི་དེ་ འདས་པའི་ལོ་ཚུ་ནང་ དབང་འཛིན་གྱིས་ ཡིག་ཚང་རྐྱབ་ནི་སྦེ་ ངོས་འཛིན་འབད་ཡོད་རུང་ ལྷན་ཁག་གིས་གནང་མི་ བཀའ་རྒྱ་ཚུ་ མ་འཐོབ་པར་ཡོདཔ་ལས་ གནས་སྐབས་ཀྱི་དོན་ལུ་ ཡིག་ཚང་དེ་ སྒྲིང་ཁྱིམ་ཅིག་ནང་ཡོད་ཟེར་ཨིན་པས།
སྣུམ་འཁོར་ཊཱག་གི་ དེད་གཡོགཔ་ལ་ལོ་ཅིག་གིས་ སླབ་མིའི་ནང་ རྫོང་ཁག་ཁྲོམ་དེ་ ཁྲོམ་གཞན་ཚུ་བཟུམ་སྦེ་མེན་པར་ གྱེན་གཟར་དྲགས་གུ་ ཆགས་ཡོདཔ་ལས་ ཚོང་དང་བཟོ་སྐྲུན་གྱི་ཅ་ཆས་ཚུ་ འབག་འོང་པའི་སྐབས་ དཀའ་ངལ་ཡོདཔ་མ་ཚད་ བཞག་ནིའི་ས་གོ་མེདཔ་ལས་ གནས་སྟངས་སྐྱོ་དྲགས་འདུག་ཟེར་ཨིན་པས།
མི་ཚུ་གིས་འབད་རུང་ ཁྲོམ་སྡེ་དེ་ ད་རེས་ནངས་པར་ སྒྲིང་ཁྱིམ་བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ལས་ ཁྲོམ་དེ་ནང་ སྣུམ་འཁོར་ལམ་དང་ ལམ་གཡས་གཡོན་ནང་ ཆུའི་གཡུར་བ་དང་ གཙང་སྦྲ་ག་ནི་ཡང་མེདཔ་ལས་ དཀའ་ངལ་ཡོད་རུང་ མ་འོངས་པ་ལུ་ ལེགས་ཤོམ་འགྱོ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ ཨིན་པའི་གནས་ཚུལ།
ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།