བཀྲིས་དབང་འདུས་ཀྱིས་ ཤེས་རབ་རྩེ་མཐོ་རིམ་སློབ་ཕྲུག་བུམོ་ཅིག་གི་ ལག་མཛུབ་ཀྱི་ ཚིགས་འཁྲུགས་མི་གུ་ སྔགས་བགྱང་སྟེ་ འཕུ་བཏབ་པའི་བསྒང་།

ལྷུ་ཚིགས་འཁྲུག་མི་དང་ ཆག་དཀྲུམ་ཞུགས་མི་ཚུ་གིས་ རང་ལུགས་ཐོག་ལས་ བཅོ་མི་ཅིག་ལུ་བསྟེན་དོ་ཡོདཔ།

སྐྱེས་ལོ་༢༨ ལང་མི་ སངས་རྒྱས་རྡོ་རྗེ་དེ་ དེང་སང་གི་ སྨན་བཅོས་འབད་རུང་ རྐངམ་གི་ཚིགས་ཏོ་དྲག་ནི་མེན་པར་ ཧེང་སྐལ་ར་སྦོ་སྟེ་ ན་ཟུག་གིས་ དྲེགས་མ་ཚུགས་པར་ བཀྲིས་སྒང་རོང་མཐོང་ལུ་ ལྷུ་ཚིགས་བཅོ་མི་ཅིག་སྡོད་སའི་ཁྱིམ་ནང་བསྐྱལ་ནུག།

སངས་རྒྱས་རྡོ་རྗེ་དེ་ འཕྲས་ཁམས་ཅིག་ཁར་ བཱསི་ཀེཊ་བཱོལ་གྱི་ རྩེད་འགྲན་ཅིག་ནང་ ཁོ་གི་རྐངམ་གཡོན་གྱི་ བོལ་ཚིགས་འཁྲུགས་སོཔ་ཨིན་པས།

ལྷུ་ཚིགས་བཅོ་མི་ བཀྲིས་དབང་འདུས་ཀྱིས་ གནོད་སྐྱོན་བྱུང་མི་རྐངམ་གུ་ བརྟག་དཔྱད་འབདཝ་དང་འབྲེལ་ མིག་ཏོ་བཙུམས་ཞིནམ་ལས་ རྐང་ཚིགས་སྦོ་མི་གུ་ ལག་པ་གིས་ འཕུར་བལྟ་བའི་ཤུལ་ལུ་ རྐང་ཚིགས་ཆག་དཀྲུམ་འགྱོ་འགྱོཝ་མེནམ་ལས་ ཚ་གྱང་ལང་དགོཔ་མིན་འདུག་ཟེར་ སླབ་ཨིན་མས།

དེ་ལས་ ཁོ་གིས་ ཚ་བོ་ལུ་ མེ་འཕུ་དགོཔ་སླབ་སྟེ་ ནདཔ་དེ་གི་ རྐང་ཚིགས་གུ་ འཕྲོ་མཐུད་དེ་ར་ འཕུ་དོ་ཡོདཔ་ད་ ན་ཟུག་དུམ་གྲ་རེ་རྐྱབ་ནི་ཨིནམ་ལས་ རྩ་འགེངས་ཏེ་སྡོད་ཟེར་ སླབ་ཨིན་པས།

དུས་ཡུན་སྐར་མ་༣༠ གི་རྒྱབ་ལས་ ཚ་བོ་དེ་གིས་ ལྕགས་དུམ་ཚ་ཏོམ་ཅིག་ འབག་འོང་མི་དེ་ བཀྲིས་དབང་འདུས་ཀྱིས་ ལྕེ་གུ་བཀལཝ་ད་ དུ་པ་ཐོནམ་ཨིནཔས། དེ་ལས་ གོ་གིས་ ལྕགས་ཚ་ཏོམ་དེ་ འགྲོས་ཀྱིས་སྦེ་ སངས་རྒྱས་རྡོ་རྗེའི་ རྐང་ཚིགས་སྦོ་མི་གུ་བརྡུང་ནི་ འགོ་བཙུགས་ཨིན་པས།

སྐྱེས་ལོ་༦༣ ལང་མི་ བཀྲིས་དབང་འདུས་ཀྱིས་ བཀྲིས་སྒང་ལུ་ རྐང་ཚིགས་ལག་ཚིགས་འཁྲུགས་མི་དང་ ཆག་དཀྲུམས་ཞུགས་མི་ཚུ་ བཅོ་ཐོག་ལས་ ལོ་ངོ་བཅུ་ཕྲག་གསུམ་ལྷག་ཡོདཔ་བཞིན་དུ་ ད་ཚུན་གྱི་བར་ན་ ས་གནས་ཀྱི་ མི་སེར་སྟོང་ཕྲག་ལྷགཔ་ཅིག་ལུ་ ལྷུ་ཚིགས་བཅོ་ཡོདཔ་ཨིན་པས།

ནདཔ་ཚུ་ཡང་ ས་གནས་ཀྱི་ མི་སེར་རྐྱངམ་གཅིག་མེན་པར་ ཌཱན་ཊཱག་ལས་འགུལ་གྱི་ ལས་མི་དང་ ལྟ་བཤལཔ་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་དང་ ལེགས་སྦྱར་བ་ཚུ་ཡང་ བཀྲིས་དབང་འདུས་འབད་སར་ ལྷུ་ཚིགས་བཅོ་བར་ འོང་དོ་ཡོདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁོ་རའི་ ཆ་རོགས་གྱོང་མི་ཅིག་གི་ ཨ་པ་དེ་ལས་ ཁོ་གིས་ རུ་ཏོ་ཆག་དཀྲུམ་འགྱོ་མི་ཚུ་གུ་ སྔགས་བགྱང་སྟེ་ འཕུ་བཏབ་ཐངས་ ལྷབ་ཅི་ཟེར་ཨིནམ་ད་ ཁོ་གིས་ ནདཔ་ཚུ་ལུ་ ལག་ལེན་མ་འཐབ་པའི་ཧེ་མར་ ལོ་ལེ་ཤ་ཅིག་གི་རིང་ སྔགས་བགྱངས་ཡོདཔ་བཞིན་དུ་ ཁོ་གིས་ སྔགས་འཕུ་བའི་སྐབས་ ལྷུ་ཚིགས་ཆག་དཀྲུམ་ཞུགས་མི་ཚུ་ དྲག་ནི་ལུ་ ཕན་ཐོགསཔ་མ་ཚད་ ནདཔ་ཚུ་ལུ་ ན་ཟུག་རྐྱབ་པའི་ ཚོར་སྣང་ག་ནི་ཡང་ འབྱུང་ནི་མེད་ཟེར་ བཤདཔ་ཨིན་པས།

ཤེས་རབ་རྩེའི་ མཐོ་རིམ་སློབ་ཕྲུག་ འཇིགས་མེད་རྡོ་རྗེ་གིས་ སླབ་མིའི་ནང་ རང་ལུགས་ཐོག་ལས་ བཅོ་ཁ་རྐྱབ་མི་དེ་གིས་ ཁ་ལས་འཕུ་བཏབ་ཅིག་ མིག་འཕྲུལ་བཟུམ་སྦེ་ ཁོ་གི་ལག་ཚིག་ ཆག་མི་དེ་ ན་ཟུག་ག་ནི་ཡང་མེད་པར་ དྲག་སོ་ཡི་ཟེར་ཨིན་པས།

ཁོ་གིས་ ལྷུ་ཚིགས་ཀྱི་དཀའ་ངལ་བྱུང་མི་ཆ་་མཉམ་ལུ་ བཅོ་ཐབས་འབདཝ་ཨིན་རུང་ རྨ་སྐྱོན་སྦོམ་ཐོན་མི་དང་ ཨ་ལོ་རྨེས་སྐྱེས་ཨིན་པ་ཅིན་ ངོས་ལེན་འབད་ནི་མེད་ཟེར་ བཤདཔ་ཨིན་པས།

བཀྲིས་སྒང་སྨན་ཁང་གི་ དྲུང་འཚོ་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ གཟུགས་ཀྱི་པགས་ཀོ་ལུ་ རྨ་ནད་ཐོན་མི་ ནདཔ་མང་ཤོས་ར་ རང་ལུགས་ཀྱི་ སྨན་བཅོསཔ་ཚུ་ལུ་ བསྟེན་པའི་ཤུལ་ལས་ སྨན་ཁང་ནང་ འོངམ་མས་ཟེར་ཨིནམ་ད་ གཙང་སྦྲ་དང་ལྡནམ་མེད་མི་ ལྕགས་དུམ་ཚ་ཏོམ་ གཟུགས་ཀྱི་པགས་ཀོ་གུ་བཀལཝ་ད་ ཆུ་འབུར་འཐོན་ནི་དང་ གཟུགས་སྦོ་ནི་ཨིནམ་ལས་ སྨན་བཅོས་མ་འབད་བ་ཅིན་ རྨ་རུལ་ཏེ་ གནས་སྟངས་སྐྱོ་དྲགས་བཟོ་ནི་གི་ ཉེན་ཁ་ཡོད་ཟེར་ ཌོག་ཊར་ཅིག་གིས་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *