ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ སྤྱི་ཟླ་༡༡ པའི་ཚེས་༧ ལུ་ བདག་རྐྱེན་གནང་ནི།

༉ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་ནང་ འབྲུག་མཉམ་རུབ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོདཔ་བཞིན་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ལུ་ བདག་རྐྱེན་གནང་ནི་ཨིན་པས།
འདས་པའི་བདུན་ཕྲག་ནང་ མི་དབང་མཆོག་གིས་ བློན་ཆེན་གྱི་བསྐོ་བཞག་གནང་ཡོདཔ་བཞིན་དུ་ བདུན་ཕྲག་འདི་ནང་ ལྷན་ཁག་༡༠ གྱི་ བློན་པོའི་ལྷན་རྒྱས་ཚུ་ བསྐོ་བཞག་གནང་ནི་ཨིནམ་ད་ བློན་པོ་ཚུ་ཡང་ ཤར་ཕྱོགས་ལུང་ཕྱོགས་ལས་༣ དང་ ནུབ་ཕྱོགས་ལུང་ཕྱོགས་ལས་༣ ལྷོ་མཚམས་ལུང་ཕྱོགས་ལས་༣ དང་ དབུས་ཕྱོགས་ལུང་ཕྱོགས་ལས་༡ བསྐོ་བཞག་གནང་ནི་ཨིན་པས།བློན་པོ་ཚུ་གི་གྲས་ལས་ མོང་སྒར་འདེམས་ཁོངས་ཀྱི་འདེམས་ངོ་ སྐྱེས་ལོ་༦༣ ལང་མི་ དྲགོས་ཤེས་རབ་རྒྱལ་མཚན་ ནང་སྲིད་བློན་པོ་སྦེ་ བསྐོ་བཞག་གནང་ནི་ཨིནམ་ད་ ཁོ་ལུ་ རྒྱ་གར་ལས་ མི་མང་བདག་སྐྱོང་དང་ སྲིད་དོན་ཚན་རིག་ནང་ གཙུག་ལག་མཐོ་རིམ་ཤེས་ཡོན་ཡོདཔ་ཨིན་པས།
ཁོ་གིས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲུང་ཆེན་དང་ ཆེ་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ དེ་ལས་ རྫོང་ཁག་༣ གྱི་ རྫོང་བདག་འབད་བའི་ ཉམས་མྱོང་ཡོདཔ་ཨིན་པས།བཀྲ་ཤིས་སྒང་ར་ལྡི་-སག་སྟེང་གི་འདེམས་ངོ་ སྐྱེས་ལོ་༣༩ ལང་མི་ རྡོ་རྗེ་ཚེ་རིང་ ཞབས་ཏོག་བློན་པོ་སྦེ་ བསྐོ་བཞག་གནང་ནི་ཨིནམ་ད་ ཁོ་གིས་ རྒྱ་གར་ལས་ ཞི་བའི་བཟོ་རིག་ནང་ མཐོ་རིམ་ཤེས་ཚད་དང་ ཨཱསི་ཊེ་ལི་ཡ་ལས་ ཞི་བའི་བཟོ་རིག་ནང་ གཙུག་ལག་མཐོ་རིམ་ཤེས་ཚད་ ཡོདཔ་ཨིན་པས།


ཁོ་གིས་ འདེམས་ངོ་སྦེ་མ་འཐོན་པའི་ཧེ་མར་ ལམ་སེལ་ལས་ཁུངས་ནང་ བཟོ་རིག་བཀོད་ཁྱབ་འགོ་དཔོན་དང་ ལམ་སེལ་ལས་ཁུངས་ཀྱི་ བཀྲིས་སྒང་ལུང་ཕྱོགས་ཡིག་ཚང་ནང་ བཟོ་རིག་བཀོད་ཁྱབ་འགོ་དཔོན་འོག་མ་སྦེ་ ཕྱག་ཞུ་ནུག།
བཀྲིས་སྒང་ཁྲིམས་ཤིང་གི་འདེམས་ངོ་ སྐྱེས་ལོ་༣༢ ལང་མི་ ཨོ་རྒྱན་རྡོ་རྗེ་ ལས་གཡོག་བློན་པོ་ཨིནམ་ད་ ཁོ་ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ལས་ རྫོང་ཁ་དང་ ཨིང་སྐད་ནང་མཐོ་རིམ་ཤེས་ཚད་དང་ སིངྒ་པུར་ལས་ གཙུག་ལག་མཐོ་རིམ་ཤེས་ཚད་ ཡོདཔ་ཨིན་པས།
ཁོ་གིས་ ཕྱི་འབྲེལ་ལྷན་ཁག་དང་ སཱཀ་ལུང་ཕྱོགས་ གཞན་ལུང་ཕྱོགས་ལས་ཁུངས་ཀྱི་ སྡོད་ཁྲི་འགོ་དཔོན་དང་ ཞིབ་འཚོལ་ལས་རོགསཔ་ དེ་ལས་ གནས་ཚུལ་བསྡུ་ལེན་པ་སྦེ་ ཕྱག་ཞུ་བའི་ཉམས་མྱོང་འདུག།
སྤུ་ན་ཁ་ གླིང་མུ་ཁ་-སྟོད་ཝང་གི་འདེམས་ངོ་ རྟ་མགྲིན་རྡོ་རྗེ་ ཕྱི་འབྲེལ་བློན་པོ་སྦེ་ བསྐོ་བཞག་གནང་ནི་ཨིནམ་ད སྐྱེས་ལོ་༥༠ ལང་མི་ལུ་ རྒྱ་གར་ལས་ དྲུང་འཚོའི་མཐོ་རིམ་ཤེས་ཚད་དང་ བང་ལ་དེཤི་ལས་ ཨ་ལོའི་ཤེས་ཡོན་ནང་ གཙུག་ལག་མཐོ་རིམ་ཤེས་ཚད་ཡོདཔ་ད་ ཨཱསི་ཊེ་ལི་ཡ་ལས་ མི་མང་གསོ་བ་དང་ ཚོང་འབྲེལ་བདག་སྐྱོང་ནང་ གཙུག་ལག་མཐོ་རིམ་ཤེས་ཚད་ཡོདཔ་ཨིན་པས། ཁོ་གིས་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་དང་ གྲོས་སྟོན་པ་དང་ མི་མང་གསོ་བའི་ཞིབ་འཚོལ་པ་ དེ་ལས་ ཨ་ལོའི་གྲོས་སྟོན་པ་དང་ ཐབས་རིག་གྲོས་སྟོན་པ་སྦེ་ ཕྱག་ཞུ་བའི་ཉམས་མྱོང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གསོ་བའི་བློན་པོ་དེ་ བྱང་ཐིམ་ཕུའི་འདེམས་ངོ་ སྐྱེས་ལོ་༤༢ ལང་མི་ བདེ་ཆེན་དབང་མོ་ཨིནམ་ད་ མོ་གིས་ ཡུ་ཨེསི་ལས་ དོན་ཧིང་རིག་པའི་ནང་ མཐོ་རིམ་ཤེས་ཚད་དང་ མི་མང་གསོ་བ་ནང་ གཙུག་ལག་མཐོ་རིམ་ཤེས་ཚད་ ཡོདཔ་ཨིན་པས།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *