ལྷན་ཐབས་ས་ཁོངས་ཚུ་ནང་ སྟབས་བདེ་ཧིང་དང་འཁྲིལ་ ཚོགས་རྒྱན་བཙུགས་པར་འགྱོ་དགོ་པའི་ཞུ་བ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་སྡེ་ཚན་གོངམ་ རྣམ་རྒྱལ་ཚེ་རིང་གིས་ མི་མང་ལུ་ ཞུ་བསྐུལ་འབད་མིའི་ནང་ ལྷན་ཐབས་ས་ཁོངས་ནང་ ཚོགས་རྒྱན་བཙུགས་ནིའི་ ཐོ་བཀོད་འབད་མི་ཚུ་གིས་ སྟབས་གཅིག་ཁར་སྦེ་མེན་པར་ རང་གི་སྟབས་བདེ་ཧིང་དང་འཁྲིལ་ ཚོགས་རྒྱན་བཙུགས་པར་ འབྱོན་གནང་ཟེར་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ ས་ཁོངས་ཚུ་ཡང་ རྫོང་ཁག་༢༠ ནང་ སྤྱི་ཟླ་༡༠ པའི་ཚེས་༡༠ ལས་༡༢ ཉིན་གྲངས་༣ གྱི་རིང་ འགོ་འདྲེན་འཐབ་ནི་ཨིནཔས།
འགོ་ཐོག་བཙག་འཐུ་སྐབས་ ལྷན་ཐབས་ས་ཁོངས་ལ་ལོ་ཅིག་ནང་ ཚོགས་རྒྱན་བཙུགས་མི་ཚུ་ ག་ཐོབ་རྐྱབ་སྟེ་ ཚོགས་རྒྱན་བཙུགས་པར་ འོང་མི་ལུ་བརྟེན་ གྱལ་རིངམོ་སྦེ་ བསྣར་སྡོད་དེ་ དུས་ཚོད་ ལེ་ཤ་ཅིག་གི་རིང་ བསྒུགས་སྡོད་སར་ མཐོང་གསལ་བྱུང་ཡི།
གནད་དོན་དེའི་ཐད་ཁར་ རྣམ་རྒྱལ་ཚེ་རིང་གིས་འབད་བ་ཅིན་ ལྷན་ཐབས་ས་ཁོངས་ནང་ མི་ཚུ་གྱལ་བསྣར་ཏེ་ སྡོད་མི་དེ་ ཚོགས་རྒྱན་བཙུགས་པར་ དུས་མཉམ་ལུ་ འོང་མི་ལུ་བརྟེན་ཨིནམ་ད་ ལྷན་ཐབས་ས་ཁོངས་ཡང་ མི་རློབས་དང་འཁྲིལ་ཏེ་ རྫོང་ཁག་ཚུ་ནང་ ལྷན་ཚོགས་ཀྱིས་ ས་ཁོངས་ཚུ་ བཟོ་སྟེ་ཡོད་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ ལྷན་ཐབས་ས་ཁོངས་ནང་ གྱལ་བསྣར་ཏེ་ མི་ལེ་ཤ་ཡོད་པ་ཅིན་ རང་སོའི་ཁྱིམ་དང་ ཡིག་ཚང་ནང་ ལོག་འགྱོ་སྟེ་ དེའི་ནངས་པར་ འོང་གནང་ཟེར་ཨིནམ་ད་ ལྷན་ཐབས་ས་ཁོངས་ནང་ལས་ ཚོགས་རྒྱན་བཙུགས་ནིའི་ ཐོ་བཀོད་འབད་མི་ཚུ་གིས་ ཉིན་གྲངས་༣ ནང་འཁོད་ལུ་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་འཐོབ་ཟེར་ཨིན་པས།
རྣམ་རྒྱལ་ཚེ་རིང་གིས་ སླབ་མིའི་ནང་ ཐིམ་ཕུག་ལྕང་གླིང་མི་ཐང་གི་ ལྷན་ཐབས་ས་ཁོངས་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡༠,༠༠༠ ཡོད་མི་དེ་ ལྷན་ཐབས་ས་ཁོངས་༦༥ དང་ ཚོགས་རྒྱན་བཙུགས་མིའི་གྲས་ལས་ མཐོ་ཤོས་ཅིག་ཨིནམ་ད་ ལྕང་གླིང་མི་ཐང་ནང་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་༨ དང་ ཚོགས་རྒྱན་འགོ་དཔོན་༣༠ ལྷགཔ་ཅིག་ཡོད་ཟེར་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་ཐོག་ལས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཐོ་བཀོད་འབད་ཡོད་མི་ མི་ངོམ་ཚུ་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཚུ་ནང་ རང་གིས་གདམ་ཁ་ རྐྱབ་ཡོད་པའི་ ས་གནས་ཁར་ རང་སོའི་ཚོགས་རྒྱན་ ངོས་འཛིན་འདྲ་པར་འབག་སྟེ་ གོང་འཁོད་ཚེས་གྲངས་ཀྱི་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༧ གྱི་ ནང་འཁོད་ལུ་ འོང་གནང་ཟེར་ ལྷན་ཚོགས་ཀྱིས་ དྲན་བསྐུལ་འབད་ནུག།
རྣམ་རྒྱལ་ཚེ་རིང་གིས་ སླབ་མིའི་ནང་ མ་གཞི་ ལྷན་ཚོགས་ཀྱིས་ ཐིམ་ཕུག་མཐོ་རིམ་སློབ་གྲྭ་ནང་ འགྲུལ་སྐྱོད་སྣུམ་འཁོར་གྱི་ ལྷན་ཐབས་ས་ཁོངས་ཀྱི་ ཞབས་ཏོག་ཕུལ་ཡོད་རུང་ ད་རེས་ སྤྱིར་བཏང་བཙག་འཐུ་སྐབས་ སློབ་གྲྭ་དེ་ནང་ཡང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ ས་ཁོངས་ཀྱི་ ཞབས་ཏོག་དེ་ ཕུལ་ནི་ཟེར་ཨིན་པས།
འགོ་ཐོག་བཙག་འཐུ་སྐབས་ ངོས་ལེན་འགོ་དཔོན་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་ ཐོ་བཀོད་༡༣༣,༧༩༥ འབད་ས་ལས་༡༡༠,༥༣༨ ཀྱིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ ལྷན་ཚོགས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་ཚུ་ཡང་ སྤྱི་ཟླ་༡༠ པའི་ཚེས་༨ ནང་འཁོད་ལུ་ ཐོབ་ཚུགསཔ་འབད་ནི་ཨིན་པས།
ལྷན་ཚོགས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་ཚུ་ཡང་ ཁ་ཙ་ལས་ རང་སོའི་རྫོང་ཁག་ཚུ་ནང་ བགོ་བཀྲམ་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱིར་བཏང་བཙག་འཐུ་སྐབས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ ས་ཁོངས་དང་ འགྲུལ་སྐྱོད་ལྷན་ཐབས་ས་ཁོངས་ཀྱི་དོན་ལུ་ མི་༡༠༢,༠༠༠ དེ་ཅིག་ ཐོ་བཀོད་འབད་ནུག།
འགོ་ཐོག་བཙག་འཐུ་སྐབས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ ས་ཁོངས་ཀྱི་དོན་ལུ་༡༣༣,༧༩༥ འབད་མི་ལས་ བརྒྱ་ཆ་༨༡ དེ་ཅིག་ གིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ རྒྱལ་ཁབ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་བསྡོམས་༤༣༨,༦༦༣ ཡོད་མི་འབདཝ་ད་ བརྒྱ་ཆ་༣༠ དེ་ཅིག་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ ས་ཁོངས་ཐོག་ལས་ ཚོགས་རྒྱན་བཙུགས་མི་ཡོདཔ་ཨིན་པས།
འགོ་ཐོག་བཙག་འཐུའི་ གནས་སྡུད་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་ཕྱི་ཁར་ འབྲུག་མི་ལཱ་འབད་མི་༣,༥༦༨ དེ་ཅིག་གིས་ འགྲེམ་ཐོག་རྒྱན་བཙུགས་ནིའི་དོན་ལུ་ ཐོ་བཀོད་འབད་དེ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *