ལྷན་ཐབས་འཆར་དངུལ་ ཐེར་འབུམ་༣.༨༦ ཡར་སེང་སོང་མི་ལུ་ ཚ་གྱང་།

༉ དུས་ཅི་ རྩིས་ལོ་༢༠༢༡-༢༠༢༢ ནང་ ལྷན་ཐབས་འཆར་དངུལ་ དངུལ་ཀྲམ་ཐེར་འབུམ་༣.༨༦༦ ལྷགཔ་ཅིག་བཏང་མི་དེ་ མཐོ་ཤོས་ཨིནམ་མ་ཚད་ ལྷན་ཁག་ལ་ལོ་ཅིག་ནང་ ལྷན་ཐབས་འཆར་དངུལ་ ལོ་ལྟབ་གསུམ་ལྟབ་སྦེ་ བགོ་བཀྲམ་འབད་མི་ལུ་ ཚ་གྱང་ཡོད་ཟེར་ཨིན་པས།

དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ནང་ རྩིས་ལོ་༢༠༢༡-༢༠༢༢ ནང་ ལྷན་ཐབས་འཆར་དངུལ་ དཔྱ་བགོའི་དཔྱད་ཡིག་གསུང་གྲོས་གནང་པའི་སྐབས་ ལྡོག་ཕྱོགས་འགོ་ཁྲིདཔ་ རྡོ་རྗེ་དབང་འདུས་ཀྱིས་ ཞུ་ཡི།

རྩིས་ལོ་༢༠༢༡-༢༠༢༢ ལུ་ འཆར་དངུལ་ དངུལ་ཀྲམ་ཐེར་འབུམ་༨༠.༤༨ བགོ་བཀྲམ་འབད་མི་གུ་ ལྷན་ཐབས་འཆར་དངུལ་ དངུལ་ཀྲམ་ཐེར་འབུམ་༣.༨༦ འབདཝ་ད་ ཡོངས་བསྡོམས་དངུལ་ཀྲམ་ཐེར་འབུམ་༨༤.༣༥ གི་རྩིས་ཨིན་པས།

ལྡོག་ཕྱོགས་འགོ་ཁྲིདཔ་ རྡོ་རྗེ་དབང་འདུས་ཀྱིས་ དཔྱད་ཡིག་ནང་ ལྷན་ཐབས་ཀྱི་ཕྱིར་བཏོན་དང་ ཁྱད་རིག་གི་བདེ་སྒྲིག་གཉིས་ཀྱི་འགྲེལ་བཤད་ ཧིང་སངས་ས་ཅིག་མེདཔ་ལས་ གནད་དོན་དེ་ལུ་བརྟེན་ དབང་ཚད་ལོག་སྤྱོད་དང་ ཧམ་འཛུལ་གྱི་སྟབས་མ་བདེཝ་ འཐོན་ནི་འདུག་ཟེར་ཨིནམ་ད་ སྒྲིག་གཞི་ཧིང་སངས་ས་ཅིག་ བཟོ་དགོཔ་འདུག་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ ལྷན་ཐབས་འཆར་དངུལ་དེ་ རྒྱལ་ཁབ་ཀྱི་འབབ་ཁུངས་ནང་ དངུལ་ཐེབས་འཐོན་པ་ཅིན་ ལྷན་ཐབས་ཀྱི་མ་དངུལ་སྦེ་ བཏང་དོ་ཡོདཔ་མ་ཚད་ ཁྱད་རིག་བདེ་སྒྲིག་དེ་ ཕྱིའི་གྲོགས་རམ་རེ་ཐོབ་ད་ ལྷན་ཐབས་འཆར་དངུལ་སྦེ་ བཏང་ནི་ཡོད་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ཞུ་ཡི།

ལྡོག་ཕྱོགས་འགོ་ཁྲིདཔ་གིས་ དཔེ་འབད་བ་ཅིན་ ལྷན་རྒྱས་གཞུང་ཚོགས་ནང་ ཧེ་མ་དངུལ་ཀྲམ་ས་ཡ་༡༣༨.༧ བགོ་བཀྲམ་འབད་མི་གུ་ ལྷན་ཐབས་འཆར་དངུལ་ དངུལ་ཀྲམ་ས་ཡ་༣༢༤ འབདཝ་ད་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༤༥༣ ལུ་ཡར་སེང་སོང་མི་དེ་ ལོག་ལྟབ་ཨིནམ་ལས་ ཡར་སེང་འབད་མི་དེ་ གནད་དོན་ག་ཅི་ཨིན་ན་ ཤེས་དགོཔ་ཁག་ཆེ་བས་ཟེར་ ཞུ་ཡི།

མཐའ་འཁོར་གནས་སྟངས་ལུ་འབད་བ་ཅིན་ དངུལ་ཀྲམ་ས་ཡ་༣༥༨.༩ འབད་མི་གུ་ ལྷན་ཐབས་འཆར་དངུལ་ དངུལ་ཀྲམ་ས་ཡ་༣༦༤ འབདཝ་ད་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༧༢༣ བགོ་བཀྲམ་འབད་ཡོདཔ་ད་ ཞབས་ཏོག་ལྷན་ཁག་ལུ་ ཐེར་འབུམ་ ཕྱེད་དེ་ཅིག་གི་རྩིས་ཨིན་པས།

དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ ལོ་༡ གི་འཆར་དངུལ་ལས་སྣ་དང་འཁྲིལ་ བསྟར་སྤྱོད་འབད་བའི་སྐབས་ དུས་དང་བསྟུན་ཏེ་ ལས་སྣ་བསྒྱུར་བཅོས་དང་ བདེ་སྒྲིག་འབད་དོ་ཟེར་ཨིནམ་ད་ འཆར་དངུལ་སྙན་ཞུ་དང་ ལྷན་ཐབས་ཀྱི་དཔྱད་ཡིག་ ཚོགས་ཁང་ནང་ཕུལ་མི་དེ་ར་ ཁྲིམས་མཐུན་བཟོ་ནི་དོན་ལུ་ཨིན་ཟེར་ ཞུ་ཡི།

ལྷན་རྒྱས་གཞུང་ཚོགས་ནང་ ལྷན་ཐབས་འཆར་དངུལ་ ཡར་སེང་སོང་མི་དེ་ ནད་ཡམས་ ཀོ་བིཌ་༡༩ འི་ གདོང་ལེན་འབད་བའི་སྐབས་ ཟུར་བཞག་འཛིན་སྐྱོང་དང་ ཅ་ཆས་མཁོ་སྒྲུབ་ཀྱི་ ཟད་འགྲོ་ག་ར་ ལྷན་རྒྱས་གཞུང་ཚོགས་ཡིག་ཚང་ནང་ལས་ བཏང་ཡི་ཟེར་ ཞུ་ཡི།

བློན་པོ་གིས་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༧.༩ དེ་ཅིག་ ཟུར་བཞག་ལྟེ་བ་དང་ ནདཔ་བཞག་ས་ ནད་ཡམས་ཀྱི་དུས་ཚོད་ནང་ སྨན་ཁབ་དང་ ནད་བརྟག་དཔྱད་ཀྱི་ཅ་ཆས་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་  ལྷན་རྒྱས་གཞུང་ཚོགས་ཡིག་ཚང་ལས་ བཏང་ཡི་ཟེར་ཨིནམ་ད་ གནད་དོན་དེ་ལུ་བརྟེན་ ཡར་སེང་སོང་ནུག་ཟེར་ཨིན་པས།

མཐའ་འཁོར་ལྷན་ཚོགས་ནང་ ལྷན་ཐབས་ཀྱི་འཆར་དངུལ་ ཐེབས་བགོ་བཀྲམ་འབད་མི་དེ་ རྒྱལ་ཡོངས་ཀྱི་ལས་རིམ་གཙོ་ཅན་ ཕྱགས་སྙིགས་དང་ སྤྱང་ཁྱི་འཛིན་སྐྱོང་འབད་ནི་ ཕྱི་ལས་གྲོགས་རམ་ཐོབ་མི་ཚུ་ བདེ་སྒྲིག་འབད་བའི་སྐབས་ ཡར་སེང་སོང་ནུག་ཟེར་ཨིན་པས།

ཨ་ཐང-ཐེད་ཚོ་གི་འཐུས་མི་ ཀུན་ལེགས་དབང་ཕྱུག་གིས་ གསོ་བའི་ལྷན་ཁག་ནང་ མ་དངུལ་ག་དེམ་ཅིག་བཞག་ཡོད་ག་དང་ བརྟག་དཔྱད་ཀྱི་ཅ་ཆས་ཚུ་ ག་ཅི་ར་མཁོ་སྒྲུབ་འབད་ཡི་ག་ཟེར་ དྲི་བ་ཞུ་བའི་ལན་ལུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ནང་ཁོང་འཕྲུལ་ཆས་ ཨཱེན་དོསི་ཀོ་པི་རེ་ལུ་ གོང་ཚད་དངུལ་ཀྲམ་ས་ཡ་༣༥ རེ་སྦེ་ མཁོ་སྒྲུབ་འབད་དེ་ སྨན་ཁང་༡༠ ལུ་ བགོ་བཀྲམ་འབད་དེ་ཡོད་ཟེར་ ཞུ་ཡི།

བཀྲིས་སྒང་དང་ བུམ་ཐང་ རྩི་རང་ དབང་འདུས་ ཕུན་ཚོགས་གླིང་ བསམ་རྩེ་ དེ་ལས་ བདེ་བ་ཐང་སྨན་ཁང་ཚུ་ནང་ རེ་རེ་དང་ མོང་སྒར་དང་ དགེ་ལེགས་ཕུག་ལུ་༢ རེ་འབདཝ་ད་ ཡོངས་བསྡོམས་འཕྲུལ་ཆས་༡༢ བགོ་བཀྲམ་འབད་ཡི་ཟེར་ཨིནམ་ད་ སྨན་ཁང་༡༠ ག་ར་ནང་ མོ་ནད་མཁས་མཆོག་ སྨན་གྱི་མཁས་མཆོག་ ཨ་ལོ་གི་མཁས་མཆོག་ དེ་ལས་ གཤག་བཅོས་མཁས་མཆོག་ཚུ་ཡོད་ཟེར་ བློན་ཆེན་གྱིས་ ཞུ་ཡི།

བློན་ཆེན་གྱིས་ གསོ་བ་ལྷན་ཁག་ལུ་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༡༣ བཞག་མི་ལས་ གཙོ་བོ་ར་ ཀེན་སཱར་གྱི་ནད་གཞི་ཁག་གསུམ་ལུ་ གཞི་བཞག་སྟེ་ཨིན་ཟེར་ཨིནམ་ད་ དམིགས་བསལ་གྱི་ལས་རིམ་༩ ཡོད་ས་ལས་ གཅིག་གསོ་བ་ལྷན་ཁག་དེ་ཨིན་ཟེར་ ཞུ་ཡི།

སང་ཕོད་ལོའི་ནང་འཁོད་ལུ་ པདྨ་དགའ་ཚལ་ གཞལ་སྒང་ ཏིང་ཏི་སྦི་ དེ་ལས་ སྤ་རོ་རྫོང་ཁག་ཚུ་ནང་ཡང་ མཁས་མཆོག་གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།

བསམ་རྩེ་དང་ བདེ་བ་ཐང་ལུ་ ནད་བརྟག་འཕྲུལ་ཆས་ སི་ཊི་ཨིསི་ཀེན་རེ་གཞི་བཙུགས་འབད་ནི་ཨིནམ་ལས་ གསོ་བ་ལྷན་ཁག་ནང་ ལྷན་ཐབས་འཆར་དངུལ་ ཡར་སེང་སོང་མིའི་ གནད་དོན་ཅིག་ དེ་ལུ་བརྟེན་ཨིན་མས་ཟེར་ བློན་ཆེན་གྱིས་ ཚོགས་ཁང་ནང་ ཞུ་བ་འབད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *