ལྷག་བསམ་རྣམ་དག་ཐོག་ལས་ ངེས་པར་དུ་ བསྒྱུར་བཅོས་འབད་དགོཔ།

༉ རྒྱལ་ཁབ་ནང་ སློབ་གྲྭ་ལྟེ་བ་ གཞི་བཙུགས་འབད་ནིའི་ ཐབས་བྱུས་དེ་ ལེགས་ཤོམ་ཅིག་ཨིན་རུང་ ལག་ལེན་ཐད་ཁར་ལྷོདཔ་ད་ བསམ་པ་རྫོགས་ཏོག་ཏོ་ཅིག་མེད་པའི་ མངོན་གསལ་བྱུངམ་ཨིན་མས།
རྒྱུ་མཚན་འདི་ལུ་བརྟེན་ ད་ལྟོ་ གཞུང་གིས་ སློབ་གྲྭ་ལྟེ་བའི་ ལམ་ལུགས་དེ་ལུ་ ཕན་གནོད་ཡོད་མེད་ཀྱི་ དཔྱད་ཞིབ་འབད་དོ་ཡོདཔ་ད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཡང་ གནད་དོན་འདི་ནང་ གྲལ་གཏོགས་འབད་དེ་འདུག།
གལ་སྲིད་ རྒྱལ་ཁབ་ནང་ སློབ་གྲྭ་ལྟེ་བའི་གྱངས་ཁ་ ཡར་སེང་འབད་ནིའི་ འཆར་གཞི་ངེས་བདེན་ཨིན་པ་ཅིན་ འཚམས་འཇོག་འབད་ཞིནམ་ལས་ ལོག་བསམ་ཞིབ་འབད་དགོ་པའི་ དུས་ཚོད་ལེགས་ཤོམ་ཅིག་ཨིན་མས།
ཕྱི་འབྲེལ་བློན་པོ་གིས་ བཤད་དོ་བཟུམ་སྦེ་ སློབ་གྲྭ་ལྟེ་བའི་ ལམ་ལུགས་དེ་ལུ་ མནོ་བསམ་གཏང་དགོཔ་ ངེས་བརྟན་འདུག་ཟེར་ཨིནམ་ད་ གཅིག་ལས་བལྟ་བ་ཅིན་ འཆར་གཞི་ཚུ་ འོས་འཚམས་ལྡན་པའི་ཐོག་ལས་ མ་བཟོ་བས་ཟེར་ཨིན་མས།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ སློབ་གྲྭ་ལྟེ་བའི་ལམ་ལུགས་ ལག་ལེན་འཐབ་ནིའི་ཐད་ཁར་ འཚབ་འཚབ་སྦེ་ ཡར་སོ་ནི་དེ་གིས་ ཤེས་རིག་མཁན་ཚུ་གིས་ ལམ་ལུགས་དེ་ལུ་ རྒྱབ་སྐྱོར་ཧྲིལ་བུམ་མིན་འདུག།
ཧེ་མ་འབད་བ་ཅིན་ གཞུང་གིས་ སློབ་གྲྭ་ལྟེ་བའི་ ལམ་ལུགས་ཐོག་ལས་ སློབ་དཔོན་དང་ སློབ་ཕྲུག་ཚུ་གི་ ཟད་འགྲོ་ཡར་སེང་འགྱོ་རུང་ དེ་ལུ་ ཚ་གྱང་ལང་དགོཔ་མེད་མི་དེ་ཡང་ མཐའན་མཇུག་ཁར་ རྒྱལ་ཁབ་ལུ་ ཕན་ཁྱད་སྦོམ་ཡོད་ནི་དེ་གིས་ཨིན་ཟེར་ ཨིན་མས།
ད་རེས་ སློབ་གྲྭ་ལྟེ་བ་ལ་ལོ་ཅིག་ནང་ སློབ་དཔོན་དང་ སློབ་ཕྲུག་བདག་འཛིན་འཐབ་མི་ ལངམ་སྦེ་མེད་པའི་ཁར་ སློབ་ཁང་དང་ གཞི་རྟེན་མཐུན་རྐྱེན་ སྒྲིག་གོ་ གདན་མལ་ཆ་ དེ་ལས་ གསང་སྤྱོད་ལ་སོགས་པ་ཚུ་ཡང་ ཁྱབ་མ་ཚུགས་པའི་དཀའ་ངལ་བྱུང་སྟེ་འདུག།
བརྡ་བརྒྱུད་ཀྱིས་ སློབ་གྲྭ་ལྟེ་བའི་ནང་ ཨ་ལོ་ཆུང་ཀུ་ཚུ་གི་ བདག་འཛིན་གནད་དོན་ཚུ་ གསལ་བཀོད་འབད་བའི་སྐབས་ ཤེས་རིག་ལྷན་ཁག་དང་ འགོ་དཔོན་ལ་ལོ་ཅིག་གིས་ ཚུལ་མཐུན་ངོས་ལེན་མེད་པའི་ དགག་པ་རྐྱབ་ཡོདཔ་ད་ གཞན་དལ་གཞི་ རྒྱལ་ཁབ་ཀྱི་ མ་འོངས་ཡུན་རིང་གནད་དོན་ གལ་ཅན་ཚུ་ནང་ གཞན་གྱིས་ བསམ་ལན་བཀོད་པའི་སྐབས་ དེ་ལུ་ རྒྱབ་སྐྱོར་འབད་དགོཔ་ཅིག་ཨིན།
རྒྱབ་ཁབ་ལུ་ཕན་པའི་ ལམ་ལུགས་ལེགས་བཅོས་འབད་ནི་དང་ ཚུལ་མཐུན་བཟོ་ནི་དེ་ ང་བཅས་ར་ འབྲུག་མི་ཆ་མཉམ་ལུ་ཕོག་པའི་ འགན་ཁུར་རྩ་ཅན་ཅིག་ཨིནམ་ལས་ སྣང་མེད་རྒྱབ་སྐྱུར་ཐོག་ བཞག་མ་བཏུབ་ཅིག་ཨིན།
གཞུང་གསརཔ་གི་ འཆར་སྣང་དང་འཁྲིལཝ་ད་ ང་བཅས་རའི་ ཨ་ལོ་ཚུ་གི་ཤེས་རིག་དང་ དེང་སང་ འཛམ་གླིང་མགྱོགས་དྲགས་སྦེ་ བསྒྱུར་བཅོས་འགྱོ་བའི་ནམ་དུས་ལུ་ འབྲུག་པའི་ ཤེས་རིག་ལམ་ལུགས་དེ་ཡང་ གནས་ཚད་དང་ལྡནམ་སྦེ་ བཟོ་ནིའི་དོན་ལུ་ བརྟག་ཞིབ་དང་ དབྱེ་དཔྱད་ཚུ་འབད་ནི་ཨིན་མས།
ད་རེས་ སྤྱིར་བཏང་ཤེས་རིག་གི་གནས་ཚད་ མར་ཉམས་འགྱོ་བའི་ཁར་ ལོ་བསྟར་བཞིན་དུ་ སློབ་དཔོན་མང་རབས་ཅིག་གིས་ ལཱ་གཡོག་བཀོག་བཞག་སྟེ་ ཐོན་འགྱོ་ཐངས་ལུ་ལྟཝ་ད་ ཤེས་རིག་ལས་སྡེ་ནང་ ཐབས་རིག་ཅན་གྱི་ ལམ་ལུགས་ལེགས་ལྡན་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ བལྟ་དགོཔ་ཅིག་འདུག།
སློབ་གྲྭ་ལྟེ་བའི་ལམ་ལུགས་ནང་ རྒྱལ་ཁབ་ཀྱི་ མ་འོངས་ཡུན་རིང་ལུ་ གནོད་ཉེན་ཆེ་བའི་ སྐྱོན་སྦོམ་སྦེ་ར་ ཡོད་མི་ལུ་བརྟེན་ གཞུང་གིས་ བཅོ་ཁ་རྐྱབ་གནང་པའི་ རེ་བ་ཡོད།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *