སཱུན་ཀོཤ་གཙང་ཆུའི་མཐའམ་བདའ་སྟེ་ཡོད་མི་གཞིས་ཆགས།

ལྷ་མོའི་རྫིང་ཁ་ལུ་ ཆུ་རུད་བཀག་ནིའི་དོན་ལས་ ཆུ་བྱག་རྐྱབ་དགོ་པའི་ཞུ་བ།

༉ ད་རེས་ནངས་པར་ དར་དཀར་ནང་ལྷ་མོའི་རྫིང་ཁ་དྲུང་ཁག་ནང་ སཱུན་ཀོཤ་དང་ ཀ་ལི་ཁོ་ལ་གཙང་ཆུ་གཉིས་བར་ན་ཆགས་མི་ ལྷ་མོའི་རྫིང་ཁ་དང་ ཀུན་གྲོལ་ཐང་སྤྱི་འོག་༢ ནང་ཡོད་མི་ ཁྱིམ་གུང་༥༠ དེ་ཅིག་ལུ་ ཆུ་རུད་ཀྱི་ གནོད་ཉེན་ཡོདཔ་ཨིན་པས།

ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ སླབ་མིའི་ནང་ གནམ་བྱཱར་གྱི་ ཆར་ཆུའི་སྐབས་ ཀ་ལི་ཁོ་ལ་གཙང་ཆུའི་ རྒྱུན་ལམ་དང་ ཆུ་འབབ་ཐངས་སོར་འགྱོ་བའི་ཁར་ སཱུན་ཀོཤ་བྲེས་མི་ལུ་བརྟེན་ གཙང་ཆུ་༢ ཀྱི་མཐའམ་བདའ་སྟེ་ སྡོད་མི་ཚུ་གི་ ཚེ་སྲོག་དང་ རྒྱུ་དངོས་ཚུ་ལུ་ ཉེན་ཁ་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིན་པས།

མི་སེར་ཚུ་ གཞིས་ཆགས་སའི་ ཉེ་འདབས་ལུ་ ཆུ་བྱག་དག་པ་ཅིག་ རྐྱབ་ཡོད་རུང་ ཆུ་རུད་ལས་ ཉེན་སྐྱོབ་འབད་ཚུགས་པའི་ ཉེན་སྲུང་ཐབས་ལམ་ཚུ་ ལག་ལེན་འཐབ་སྟེ་མེད་ཟེར་ ས་གནས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

སྤྱི་ལོ་༢༠༡༡ དང་༢༠༡༧ གྱི་བར་ན་ སཱུན་ཀོཤ་གཙང་ཆུ་བདའ་སྟེ་ ཆུ་རུད་བཀག་ཐབས་ཀྱི་ གྱང་རྩིག་ཚུ་ གོ་རིམ་༢ དབྱེ་སྟེ་ རྐྱབ་ཡོདཔ་ད་ ལྷ་མོའི་རྫིང་ཁ་རྒཔོ་ སུར་ཇ་བྷ་དུར་ལིམ་བོ་གིས་ སླབ་མིའི་ནང་ གོ་རིམ་༣ པའི་ནང་ ཆུ་བྱག་རྐྱབ་ནི་གི་ འཆར་གཞི་ཡོད་རུང་ ད་ལྟོའི་འཆར་གཞི་ནང་ མ་དངུལ་མ་བཞགཔ་ལས་ ལཱ་འགོ་བཙུགས་མ་ཚུགས་ཟེར་ཨིན་པས།

ཉེ་འདབས་ལུ་ གཞིས་ཆགས་མི་ཚུ་ ཉེན་སྐྱོབ་འབད་ནིའི་དོན་ལས་ གཙང་ཆུའི་མཐའམ་བདའ་སྟེ་ ཆུ་བྱག་གམ་ གྱང་རྩིག་མི་ཊར་༦༠༠  དེ་ཅིག་ རྐྱབ་དགོཔ་ཡོདཔ་ཨིན་པས།

རྒཔོ་གིས་འབད་བ་ཅིན་ གཙང་ཆུའི་ཁ་འགྱུར་ཏེ་ གཡུས་ཚན་ཁ་ཐུག་ལུ་ འབབ་དོ་ཡོདཔ་ལས་ ཀུན་གྲོལ་ཐང་སྤྱི་འོག་ལུ་ ཆུ་རུད་འཐོན་ནིའི་ ཉེན་ཁ་སྦོམ་ཡོད་ཟེར་ཨིན་པས།

ན་ཧིང་ ང་བཅས་ཀྱིས་ གཙང་ཆུའི་ཁ་འགྱུར་གཏང་ནིའི་དོན་ལུ་ འཆར་དངུལ་དགོཔ་སྦེ་ དྲུང་ཁག་བདག་སྐྱོང་ལུ་ ཡི་གུ་བྲིས་ཡོད་རུང་ རྒྱ་གར་གྱི་ འགོ་དཔོན་ཚུ་ལས་ གནང་བ་ཞུ་དགོཔ་ལས་ ལཱ་འབད་མ་ཚུགས་ཟེར་ རྒཔོ་ སུར་ཇ་བྷ་དུར་ལིམ་བོ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ མ་གཞི་ སྤྱི་ལོ་༡༩༩༠ གོ་གྲངས་ལུ་ གཙང་ཆུའི་མཐའམ་བདའ་སྟེ་ ཆུ་བྱག་རྐྱབ་ཡོད་རུང་ ན་ཧིང་ ཆུ་རུད་ཐོནམ་ད་ གྱང་རྩིག་ཚུ་ འཕྱགས་བདའ་ཡར་སོ་ཡི་ཟེར་ཨིན་པས།

ཀུན་གྲོལ་གླིང་ཚོགས་པ་ བ་རཱུན་མཱ་ཇི་གིས་ སླབ་མིའི་ནང་ ཆུ་རུད་བཀག་ཐབས་ཀྱི་ ཐབས་ལམ་ཚུ་ གང་མགྱོགས་སྦེ་ ལག་ལེན་མ་འཐབ་པ་ཅིན་ ཁྱིམ་གུང་༥༦ ཡོད་མི་ལས་ ཕྱེད་ཀ་དེ་ཅིག་ ཆུ་རུད་ཀྱིས་ གནོད་སྐྱོན་རྐྱབ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁྱིམ་གུང་༣༥ དེ་ཅིག་ ཉེན་སྐྱོབ་འབད་ནིའི་དོན་ལས་ སྤྱི་ལོ་༢༠༡༡ དང་༢༠༡༧ གྱི་བར་ན་ གྱང་རྩིག་རྐྱབ་ཡོད་རུང་ ན་ཧིང་ གྱང་རྩིས་ཕྱེད་ཀ་དེ་ཅིག་ ཆུ་རུད་ཀྱིས་ འཕྱགས་བདའ་ཡོདཔ་ལས་ དེ་ཁར་སྡོད་མི་ཚུ་གིས་ ཆུ་བྱག་རྐྱབ་དགོཔ་སྦེ་ སླབ་མས་ཟེར་ཨིན་པས།

རྫོང་ཁག་རྐྱེན་ངན་འཛིན་སྐྱོང་ཚོགས་ཆུང་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ལུ་ ན་ཧིང་ ཀ་ལི་ཁོ་ལའི་ གཙང་ཆུ་བདའ་སྟེ་ ཆུ་བྱག་མི་ཊར་༦༠ འབད་མི་ཅིག་ རྐྱབ་ཡོདཔ་ད་ དེ་ལུ་ ཟད་འགྲོ་དངུལ་ཀྲམ་འབུམ་༥ གནས་ཡོདཔ་ཨིན་པས།

སྤྱི་ལོ་༡༩༩༢ ལས་ཚུར་ ཀ་ལི་ཁོ་ལ་གཙང་ཆུ་བྲེས་ཏེ་ ཚར་༥ ལྷགཔ་ཅིག་ ཆུ་རུད་ཐོན་ཡོདཔ་སྦེ་ ས་གནས་ཀྱི་ མི་ཚུ་གིས་ བཤདཔ་ཨིན་པས།

ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་རྐྱབ་དགོ་པའི་སྐོར་ འདས་པའི་ཟླཝ་ནང་འཚོགས་མི་ རྫོང་ཁག་ཚོགས་འདུ་ནང་ཡང་ གྲོས་བསྡུར་འབད་ཡོདཔ་ཨིན་པས།

རྫོང་ཁག་ཚོགས་འདུ་གིས་ རྒེད་འོག་བདག་སྐྱོང་ལུ་ ཆུ་རུད་ཀྱི་ གནོད་ཉེན་སྐོར་ བརྟག་ཞིབ་འབད་དེ་ སྙན་ཞུ་བཙུགས་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

ལྷ་མོའི་རྫིང་ཁ་རྒཔོ་གིས་འབད་བ་ཅིན་ རྒེད་འོག་བདག་སྐྱོང་གིས་ འཕྲལ་མགྱོགས་ར་ བརྟག་ཞིབ་འབད་དེ་ སྔོན་རྩིས་ཟད་འགྲོ་དང་སྦྲགས་ སྙན་ཞུ་ཕུལ་འོང་ཟེར་ཨིན་པས།

རྫོང་ཁག་བདག་སྐྱོང་གིས་ཡང་ རྩིས་ལོ་༢༠༢༡-༢༠༢༢ ནང་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་རྐྱབ་ནིའི་དོན་ལུ་ འཆར་དངུལ་ས་ཡ་༠.༥༨༣ བཞག་ཡོདཔ་ཨིན་རུང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་འབད་བ་ཅིན་ གྱང་རྩིག་རྐྱབ་ནིའི་དོན་ལུ་ མ་དངུལ་འབོར་ཆེ་ཏོག་ཏོ་དགོཔ་འོང་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

ཨ་ལོའི་གླིང་ག་ ཉེན་སྲུང་མེད་མི་ལུ་བརྟེན་ ཕམ་ཚུ་ ཚ་གྱང་ལང་དོ་ཡོདཔ།

༉ བཀྲིས་སྒང་ཁྲོམ་གྱི་སྦུག་ལུ་ཡོད་པའི་ ཨ་ལོའི་གླིང་གི་ཅ་ཆས་ཚུ་ མེདཔ་ཐལ་མི་ལུ་བརྟེན་ ཨ་ལོ་ཚུ་ རྩེདམོ་རྩེད་བའི་སྐབས་ ཉེན་སྲུང་ག་ནི་ཡང་ མིན་འདུག་ཟེར་ཨིན་པས། ཁྲོམ་ཁར་སྡོད་མི་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ ཆུ་རུད་ཀྱིས་ མེདཔ་བཏང་པའི་ཤུལ་ལུ་ ཉམས་བཅོས་ཚར་གཅིག་ཡང་མ་འབད་ཟེར་ཨིནམ་ད་ ཉེན་སྲུང་མེད་རུང་ …

Leave a Reply

Your email address will not be published. Required fields are marked *