༉ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ ལས་འཛིན་ལུ་ བསྒྱུར་བཅོས་འབད་ནི་ཨིན་ཟེར་མི་དེ་ རྒྱལ་ཡོངས་ཀྱི་སྲིད་བྱུས་དང་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ལས་ འགལ་བ་ཨིནམ་སྦེ་ ཁ་ཙ་ ལྡོག་ཕྱོགས་ཚོགས་པ་ འབྲུག་ཕུན་སུམ་ཚོགས་པ་གིས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ གསལ་བཀོད་འབད་ནུག།
གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ གསོ་བའི་མཁས་མཆོག་ཚུ་གིས་ གཡོག་བཀོག་བཞག་སྟེ་ མི་འགྱོ་ནིའི་དོན་ལུ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ ལས་འཛིན་ལུ་ བསྒྱུར་བཅོས་འབད་ནི་དེ་ ལེགས་ཤོམ་མེདཔ་མ་ཚད་ དངུལ་ཕོགས་དང་འཐུས་ཚུ་ བྱིན་མ་ཚུགས་མི་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ དངུལ་ཕོགས་ལྷན་ཚོགས་གཉིས་ལུ་བརྟེན་ཨིན་ཟེར་ ཧད་འཕུལ་བཞག་ནི་དེ་ གཞུང་གི་འཛོལ་བ་ཨིན་ཟེར་ཨིན་པས།
དངུལ་ཕོགས་དང་ འཐུས་ཀྱི་རིགས་ཚུ་ ག་ཅི་ར་ཨིན་རུང་ དེ་གི་དབང་ཚད་དེ་ སྤྱི་ཚོགས་ལུ་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་དེ་འདུག།
འབྲུག་ཕུན་སུམ་ཚོགས་པ་གིས་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ གསོ་བའི་མཁས་མཆོག་ཚུ་གིས་ ལཱ་གཡོག་བཀོག་བཞག་སྟེ་ མི་འགྱོ་ནིའི་ཐབས་ལམ་ལུ་ སྨན་ཁང་དེ་ ལས་འཛིན་བཟོ་ནི་ཨིན་ཟེར་ ཧད་བཏགས་འཕུལ་དོ་ཡོདཔ་ཨིན་རུང་ ཁོང་གི་དམིགས་དོན་དེ་ མི་སྡེ་འཕྲོད་བསྟེན་དང་མཐུན་རྐྱེན་ དེ་ལས་ ཞབས་ཏོག་ཚུ་ སྒེར་སྡེ་བཟོ་ནི་མས་ཟེར་ཨིན་པས།
རྩ་ཁྲིམས་ཆེན་མོའི་ རྩ་ཚན་༩ པའི་དོན་ཚན་༢༡ པ་དང་འཁྲིལཝ་ད་ རྒྱལ་ཁམས་ཀྱིས་ དེང་རབས་དང་ སྔར་སྲོལ་གསོ་དཔྱད་ཀྱི་ཐོག་ལས་ མི་དམངས་གསོ་བའི་གཞིས་གནས་ཞབས་ཏོག་ཚུ་ སྟོང་པ་འཐོབ་ཚུགསཔ་ བཟོ་དགོ་ཟེར་མིའི་ དགོངས་དོན་ལས་ འགལ་བ་ཨིན་པས།
ག་དེམ་ཅིག་སྦེ་ གཞུང་གིས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ ལས་འཛིན་ལུ་ བསྒྱུར་བཅོས་འབད་ནི་སྦེ་ ཐག་བཅད་པ་ཅིན་ མ་འོངས་པ་ལུ་ གཞུང་དང་རྒྱལ་ཁབ་ལུ་ སྟབས་མ་བདེཝ་འབྱུང་ནི་ཨིནམ་མ་ཚད་ མི་སེར་ཡོངས་ཀྱིས་ མི་སྡེ་འཕྲོད་བསྟེན་ཞབས་ཏོག་ཚུ་ འདྲ་མཉམ་སྦེ་ ཐོབ་མི་དེ་ལུ་ཡང་ ཐོ་སྦོམ་ཕོག་འོང་ཟེར་ཨིན་པས།
མི་ཕྱུགཔོ་དང་ སྤྱང་ཀའི་བར་ན་ ཁྱད་པར་སྦོམ་འཐོན་ནི་ཨིནམ་མ་ཚད་ མི་སེར་སྤྱང་ཀ་ཚུ་གིས་ གསོ་བའི་ཞབས་ཏོག་ཚུ་ སྤྱོད་ཚུགས་ནི་ལུ་ དཀའ་ངལ་འཐོན་འོང་ཟེར་ཨིན་པས།
ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུད་ཀྱི་ གྲོས་འཛོམས་སྐབས་དང་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་ གན་ཡིག་གུ་ མཚན་རྟགས་བཀོད་པའི་སྐབས་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གསོ་བའི་མཁས་མཆོག་ཚུ་གིས་ ལཱ་གཡོག་བཀོག་བཞག་སྟེ་ མི་འགྱོ་ནིའི་ ཐབས་ལམ་ཅིག་ སྨན་ཁང་དེ་ ལས་འཛིན་ལུ་ བསྒྱུར་བཅོས་འབད་ནི་དེ་ཨིན་ཟེར་ བཤད་ཅི།
བློན་པོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ གསོ་བའི་མཁས་མཆོག་ མ་ལང་པའི་དཀའ་ངལ་ སེལ་ཐབས་འབད་ནི་དང་ ད་ལྟོ་ཡོད་མི་ཚུ་ དགོངས་ཞུ་མི་འགྱོ་ནིའི་ ཐབས་ལམ་ཟེར་རུང་ སྨན་ཁང་དེ་ ལས་འཛིན་ལུ་ བསྒྱུར་བཅོས་འབད་ནི་དེ་ ཨིན་ཟེར་ཨིན་པས།
གསོ་བའི་ལྷན་ཁག་གིས་ སྤྱི་ཟླ་༨ པའི་ཚེས་༡༤ ལུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་དང་ གསོ་བའི་ལྷན་ཁག་གིས་ ཚོགས་ཆུང་ཅིག་ འཚོགས་ཞིནམ་ལས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ ལས་འཛིན་བཟོ་ནི་གི་ གྲོས་གཞི་དེ་ལུ་ གསུང་གྲོས་གནང་སྟེ་ གྲོས་འཆར་བཙུགས་དགོཔ་སྦེ་ ཡི་གུ་བཏང་ནུག།
འབྲུག་ཕུན་སུམ་ཚོགས་པའི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ད་ལྟོ་ གསོ་བའི་མཁས་མཆོག་ཚུ་གིས་ དགོངས་ཞུ་མི་འགྱོ་ནིའི་ ཐབས་ལམ་དེ་ དངུལ་ཕོགས་དང་ཐོབ་ལམ་ཚུ་ ཡར་སེང་འབད་དེ་ བྱིན་ནི་དེ་ཨིནམ་ལས་ ཁོང་གི་དངུལ་ཕོགས་དང་ ཐོབ་ལམ་ཚུ་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་ཏེ་ བསྐྱར་ཞིབ་འབད་ནི་མ་གཏོགས་ ལས་འཛིན་བཟོ་ནི་དེ་ གདམ་ཁ་མེན་ཟེར་ཨིན་པས།
ད་ལྟོའི་ གནས་སྟངས་ནང་ རྒྱལ་ཁམས་ཀྱི་སྲིད་བྱུས་དང་ ཁྲིམས་ལུགས་ཚུ་ བདག་འཛིན་འཐབ་སྟེ་ ཚུལ་བཞིན་བསྟར་སྤྱོད་འབད་དགོཔ་དེ་ ཁག་ཆེ་ཟེར་ བཀོད་ཡོད་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།