༉ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་ ལྟོ་ཐོབ་སློབ་གྲྭ་ཚུ་ནང་ བཞེས་སྒོ་གནས་ཚད་དང་ལྡནམ་སྦེ་ བྱིན་ནིའི་དོན་ལུ་ གནས་ཚད་ཅིག་ བཟོ་སྟེ་མེད་ནི་དེ་གིས་ སློབ་ཕྲུག་ཚུ་ལུ་ ཟས་བཅུད་ཚུ་ དགོས་མཁོ་དང་ལྡནམ་སྦེ་ གྲུབ་མ་ཚུགས་མི་ལུ་བརྟེན་ གནས་ཚད་བཟོ་དགོཔ་འདུག་ཟེར་ཨིན་པས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ སློབ་གྲྭ་ཚུ་གི་ བཟའ་སྤྱོད་ལས་རིམ་གྱི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ གསར་བཏོན་འབད་མི་བའི་སྐབས་ དབང་འཛིན་གྱིས་ གྲོས་འདེབས་སྦེ་ བཀོད་ནུག།
དབང་འཛིན་གྱིས་ གནད་དོན་ཐོག་ལུ་ ཞིབ་དཔྱད་འབད་བའི་སྐབས་ སློབ་གྲྭ་ནང་ ཨ་ལོ་ཚུ་གི་དོན་ལུ་ ཚད་བཟུང་བཞེས་སྒོའི་ ཚད་གཞི་གི་ དགོས་མཁོ་ཅིག་མེདཔ་ལས་ སློབ་གྲྭ་ཚུ་གིས་ སློབ་ཕྲུག་ཚུ་ལུ་ ཉིན་བསྟར་གྱི་ ཟས་བཅུད་དེ་ ཤེས་རིག་ལྷན་ཁག་གིས་ གསར་བཟོ་འབད་ཡོད་པའི་ རྒྱགས་སྐལ་ཚད་གཞི་གི་ ཟས་བཅུད་དང་ མཐུན་མི་མཐུན་ ངེས་བརྟན་བཟོ་མ་ཚུགས་པའི་ ཤེས་རྟོགས་བྱུང་ཡི་ཟེར་ སྙན་ཞུ་ནང་བཀོད་ནུག།
དེ་མ་ཚད་ སློབ་ཕྲུག་ཚུ་གི་ འཚོ་བཅུད་ཕྲ་བ་ཚུ་ ལངམ་སྦེ་ཡོད་མེད་ ངེས་བརྟན་བཟོ་ནིའི་དོན་ལས་ གོ་རིམ་དང་ལྡན་པའི་ ལྟ་རྟོག་ལམ་ལུགས་ གཞི་བཙུགས་མ་འབད་བར་ཡོདཔ་ལས་ གལ་སྲིད་ འཚོ་བཅུད་ཕྲ་བ་ཚུ་ མ་ལངས་པར་ཡོད་པ་ཅིན་ དབང་འཛིན་ཚུ་གིས་ དགོས་མཁོའི་འཛུལ་ཞུགས་དང་ འབྲེལ་མཐུན་གྱི་དང་ལེན་ཚུ་ འབད་མི་ཚུགས་ནི་མས་ཟེར་ སྙན་ཞུ་ནང་ བཀོད་ཡོདཔ་ཨིན་པས།
དབང་འཛིན་གྱི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ སློབ་གྲྭ་ནང་ བཞེས་སྒོ་བྱིན་ནི་གི་ ཉེར་སྤྱོད་མཁོ་ཆས་དང་ མཁོ་སྤྲོད་འབྲེལ་མཐུན་ནང་ སྤུས་ཚད་ཚད་འཛིན་གྱི་ ལམ་ལུགས་སྒྲིང་སྒྲི་ཅིག་མེད་པའི་ སྐྱོན་ཡོདཔ་ལས་ སློབ་གྲྭ་ནང་ མཁོ་སྤྲོད་འབད་ཡོད་པའི་ བཟའ་འཐུང་གི་རིགས་ཚུ་ རུལ་དོ་ཡོད་པའི་ཁར་ དུས་ཡུན་ཐུང་ཀུ་ཅིག་གི་ནང་འཁོད་ལུ་ མཁོ་ཆས་ཚུ་ མེདཔ་ཐལ་ཡོད་པའི་ ཉོགས་བཤད་ཐོན་ཏེ་འདུག་ཟེར་ སྙན་ཞུ་ནང་བཀོད་ནུག།
དེ་བཟུམ་སྦེ་ ལྟ་ཞིབ་འབད་ཡོད་པའི་ སློབ་གྲྭ་ཚུ་གིས་བཟོ་མི་ བཞེས་སྒོ་ཚུ་ ཚད་ལྡན་དང་ ཁམས་དྭངས་ཏོག་ཏོ་མེདཔ་ལས་ སློབ་ཕྲུག་ཚུ་གིས་ མང་ཉུང་རན་པའི་ཐོག་ལས་ ཟ་ནི་ལུ་ སྤྲོ་བ་ཞན་བཅུག་མི་ལུ་བརྟེན་ འཚོ་བཅུད་ཚུ་ཉུང་སུ་སྦེ་ བྱིན་ནི་མས་ཟེར་ སྙན་ཞུ་ནང་བཀོད་ནུག།
སློབ་གྲྭ་ཚུ་གི་ མཛོད་ཆས་ནང་ དམིགས་བསལ་དུ་ རུལ་ཉེན་ཅན་གྱི་ བཟའ་ཆས་ཚུ་གི་ཐད་ཁར་ ཚད་ལྡང་མེདཔ་ལས་ ཚོད་བསྲེ་ཚུ་ སྤྱོད་མ་བཏུབ་པའི་ དུས་ཡུན་ལས་འབྱིད་དེ་ ཆུད་ཟད་འགྱོ་བའི་ཁར་ སློབ་ཕྲུག་ཚུ་ལུ་ ཚད་ལྡང་གི་ བཞེས་སྒོ་དང་ འཚོ་བཅུད་མ་འཐོབ་འགྱོ་ནིའི་ ཉེན་ཁ་ཡོད་མི་ཚུ་ དབང་འཛིན་གྱིས་ ངོས་འཛིན་འབད་ནུག།
ཨ་ལོ་ཚུ་གི་ ཟས་བཅུད་ཀྱི་ གནས་རིམ་ལེགས་བཅོས་འབད་ནིའི་དོན་ལུ་ སློབ་གྲྭའི་བཞེས་སྒོ་གི་ ལས་རིམ་འཛིན་སྐྱོང་གི་ འཇོན་ཚད་དང་ དོན་སྨིན་ཡར་དྲག་གཏང་ཐབས་ལུ་དམིགས་ཏེ་ དབང་འཛིན་གྱིས་ གྲོས་འདེབས་ཁག་༡༣ དེ་ཅིག་ ཕུལ་ཡོདཔ་ཨིན་པས།
གྲོས་འདེབས་ཚུ་ཡང་ སློབ་གྲྭའི་ཨ་ལོ་ཚུ་གི་ ཟས་བཅུད་ཀྱི་ གནས་སྡུད་ཚུ་ ལྟ་རྟོག་འབད་ནི་ལུ་ ཐབས་ལམ་ཚུ་ གཞི་བཙུགས་འབད་དགོཔ་ད་ ལྟོ་ཐོབ་སློབ་གྲྭ་འཛིན་སྐྱོང་གི་དོན་ལས་ སྤུས་ཚད་དམ་འཛིན་ལམ་ལུགས་ སྒྲིང་སྒྲི་ཅིག་ བཙུགས་དགོཔ་འདུག་ཟེར་ སྙན་ཞུ་ནང་ བཀོད་ནུག།
སློབ་གྲྭ་ཚུ་ནང་ ཟས་བཅུད་ལྡན་པའི་ ཕོར་ཊི་ཕ་ཡེཌ་ཆུམ་ཚུ་ བགོ་བཀྲམ་འབད་ནི་དང་ བཞེས་སྒོའི་ཉེར་སྤྱོད་མཁོ་ཆས་ཀྱི་ སྙན་ཞུ་ཚུ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནི་ དེ་ལས་ བཟའ་སྤྱོད་ཚུ་ བཞག་ནིའི་མཛོད་ཁང་ཚུ་ ལེགས་ཤོམ་དགོ་པའི་ གྲོས་འདེབས་ཚུ་ དབང་འཛིན་གྱིས་འབད་ནུག།
དེ་བཟུམ་སྦེ་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ བཞེས་སྒོའི་ཉེར་སྤྱོད་མཁོ་ཆས་ཚུ་ སློབ་གྲྭ་ཚུ་ནང་ བགོ་བཀྲམ་མ་འབད་བའི་ཧེ་མར་ དུས་རྫོགས་ཀྱི་ ཚེས་གྲངས་ཚུ་ བཟོ་དགོ་པའི་ཁར་ སློབ་གྲྭའི་ཐབ་ཚངཔ་ཚུ་ལུ་ བཞེས་སྒོ་འབད་ནིའི་ སྦྱོང་བརྡར་བྱིན་དགོ་པའི་ རྒྱབ་སྣོན་ཚུ་ འབད་ཡོདཔ་ཨིན་པས།
སློབ་ཕྲུག་ཚུ་ལུ་ ཟས་བཅུད་ཀྱི་ ཤེས་ཡོན་བྱིན་ནི་དང་ བསམ་ལེན་བཀོད་ནིའི་ལམ་ལུགས་ཚུ་ གཞི་བཙུགས་འབད་དགོཔ་ད་ སློབ་གྲྭའི་བཟའ་སྤྱོད་ཁང་ འཛིན་སྐྱོང་འཐབ་ནི་ལུ་ དབྱེ་དཔྱད་ལེགས་ཤོམ་འབད་དགོ་པའི་ གྲོས་འདེབས་ཚུ་ཡང་ འབད་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ འཛམ་གླིང་བཟའ་སྤྱོད་ལས་འཛིན་གྱིས་ སློབ་གྲྭ་༡༧༡ དང་ གཞུང་གིས་ སློབ་གྲྭ་༡༣༧ ལུ་ བཟའ་སྤྱོད་ཀྱི་ གྲོགས་རམ་ཚུ་ བྱིན་ཐོག་ལས་ སློབ་ཕྲུག་༧༡,༧༨༥ ལུ་ ཕན་ཐོགས་བྱུང་སྟེ་ ཡོདཔ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།