༉ ཆུ་ཁ་ བོང་མགོ་ལས་ སྐྱེས་ལོ་༣༢ ལང་མི་ ཀ་བུ་གིས་ སྤྱི་ཟླ་༥ པའི་ཚེས་༢༤ ལུ་ རྩི་མ་གཤམ་དང་ བུ་ན་གུ་བར་ན་ལས་ རྒྱ་གར་གྱི་ ལྟ་བཤལཔ་ཅིག་གི་ དངུལ་ཁུག་མཐོང་མི་དེ་ ལོག་སྤྲོད་ཡོདཔ་ད་ དེ་བསྒང་ ཁོ་ར་ ཐིམ་ཕུག་ལུ་ འགྱོ་བའི་ལམ་ཁར་ཨིན་པས།
རྩི་མ་གཤམ་གྱི་ ཁྲིམས་སྲུང་འགག་པ་གིས་ དངུལ་ཁུག་དེ་ རྒྱ་གར་ ཀཱོལ་ཀ་ཏ་ལས་ སྐྱེས་ལོ་༤༨ ལང་མི་ ཀའུ་ཤིཊ་ རོའི་གི་ཨིནམ་སྦེ་ གཏན་འཁེལ་འབད་ཡོདཔ་ད་ ཁོ་ར་ ཀཱོལ་ཀ་ཊ་ ཨའི་ཌི་བི་ཨའི་ནང་ ཡན་ལག་འཛིན་སྐྱོང་པ་སྦེ་ ལཱ་འབད་སྡོད་མི་ཅིག་ཨིན་པས།
རྩི་མ་གཤམ་གྱི་ ཡིག་ཚང་འགན་འཛིན་པ་ ལིང་དཔོན་བཙན་སྐྱོགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཀ་བུ་གིས་ དངུལ་ཁུག་དེ་ ངལ་འཚོ་སྡོད་པའི་སྐབས་ མཐོང་ནུག་ཟེར་ཨིནམ་ད་ ཁོ་གིས་ དངུལ་ཁུག་དེ་ཡང་ རྟ་ནག་ལུངམ་གི་ ཁྲིམས་སྲུང་འགག་པ་ལུ་ སྤྲོད་ནུག་ཟེར་ཨིན་པས།
རྩི་མ་གཤམ་གྱི་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ དངུལ་ཁུག་དེ་ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ ཇོ་བདག་ཀའུ་ཤིཊ་ རོའི་ལུ་ རྩིས་སྤྲོད་འབད་ཡི་ཟེར་ཨིནམ་ད་ དངུལ་ཁུག་ནང་ དངུལ་རྐྱང་ཏི་རུ་༡,༤༤༥ དང་ ཤོག་བྱང་མ་འདྲཝ་༦ དེ་ལས་ ཏིག་ཅུང་ཚུ་ ཡོདཔ་ཨིན་པས།
ཀའུ་ཤིཊ་ རོའི་དེ་ ཁོ་རའི་བཟའ་ཚང་དང་གཅིག་ཁར་ རྒྱལ་ཁབ་ནང་འོང་ཡོདཔ་ད་ ཁོང་ཆ་ཁྱབ་ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ གླ་འཁོར་ཅིག་ནང་ ཁོ་རའི་གཡུས་ཁར་ ལོག་འགྱོ་བའི་བསྒང་ཨིན་པས།
མ་གཞི་ ཁྲིམས་སྲུང་འགག་པ་གིས་ ཐིམ་ཕུག་ལུ་ ཀའུ་ཤིཊ་ རོའི་སྡོད་སའི་ བཟའ་ཚང་དང་གཅིག་ཁར་ འབྲེལ་བ་འཐབ་ནིའི་ དཔའ་བཅམ་པའི་སྐབས་ ལྟ་བཤལཔ་དེ་ སྤ་རོ་ལུ་ སོང་ཡོདཔ་ལས་ འབྲེལ་བ་འཐབ་མ་ཚུགས་པས།
དེ་ལས་ ཀའུ་ཤིཊ་ རོའི་གིས་ ལྟ་བཤལ་ལས་སྡེ་དང་ ཟ་ཁང་ཚུ་ལས་ དངུལ་ཁུག་གི་སྐོར་ལས་ ཤེས་རྟོགས་བྱུང་བའི་ཤུལ་ལས་ རྩི་མ་གཤམ་ཁྲིམས་སྲུང་འགག་པ་ལུ་ དངུལ་ཁུག་དེ་ ཁོང་རའི་ཡིག་ཚང་ནང་ བསྐྱལ་གནང་ཟེར་ ཞུ་བ་འབད་ནུག།
རྩི་མ་གཤམ་ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ ཀའུ་ཤིཊ་ རོའི་ཁོ་ར་ དངུལ་ཁུག་ལོག་ཐོབ་མི་ལུ་བརྟེན་ སེམས་དགའ་ཡོདཔ་མ་ཚད་ ཀ་བུ་དང་གཅིག་ཁར་ མོ་བ་ཡཱལ་ཐོག་ལས་ འབྲེལ་བ་འཐབ་ནིའི་ དཔའ་བཅམ་རུང་ འབྲེལ་འཐབ་མ་ཚུགས་ཟེར་ ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།