ལྟ་བཤལ་སྲིད་བྱུས་གསརཔ་གིས་ ག་ལུ་ ཁེ་ཕན་འབྱུང་ནི་ཨིན་ན?

༉ ཟད་འགྲོ་མར་ཕབ་དང་ ལྟ་བཤལ་པའི་ འོང་འབབ་མར་འབབ་འགྱོ་ནི་ཨིན་པའི་ ཚ་གྱང་ལུ་བརྟེན་ འཕྲལ་ཁམས་ཅིག་ཁར་ ལྟ་བཤལ་པའི་ ཟ་ཁང་ཅིག་གིས་ སྤྱི་ཟླ་༨ པའི་ཚེས་༡ ལས་ ལས་བྱེདཔ་༡༢ ལྷགཔ་ཅིག་ ཟླ་རིམ་དངུལ་ཕོགས་མེད་པར་ ལོ་༡ གི་རིང་ ངལ་གསོ་སྦེ་བཏང་ནུག།

དེ་ཡང་ ལྟ་བཤལ་པའི་ཡུན་བརྟན་གོང་འཕེལ་གྱི་འཐུས་ ཡུ་ཨེསི་ཌོ་ལར་༢༠༠ ཡར་སེང་འབད་མི་དེ་གིས་ ལྟ་བཤལ་པའི་ ཚོང་འབྲེལ་ངེས་མེད་ཀྱི་ གནས་སྟངས་ལུ་ གྱུར་ཡོད་ནི་དེ་གིས་ཨིན་པས།

དེ་བཟུམ་སྦེ་ ད་རུང་ ཟ་ཁང་༤ གིས་ ལས་བྱེདཔ་༡༠༠ དེ་ཅིག་ བཏོན་གཏང་ནི་སྦེ་ ཐག་བཅད་དེ་ཡོདཔ་ད་ གལ་སྲིད་ གནས་སྟངས་ཡར་དྲག་འགྱོ་བ་ཅིན་ ཉིན་བསྟར་གྱི་ གླ་ཆའི་ཐོག་ལུ་ ལཱ་འབད་བཅུག་ནི་ཨིན་པས།

འབྲུག་གིས་ ལྟ་བཤལ་གྱི་དོན་ལུ་ སྤྱི་ཟླ་༨ པའི་ཚེས་༢༣ ལས་ གཞུང་འབྲེལ་ཐོག་ ས་མཚམས་ཚུ་ སྒོ་ཕྱེ་ནི་ཨིན་རུང་ ལྟ་བཤལ་ལས་སྡེ་ཚུ་ ག་དེ་སྦེ་ འགྱོ་འོང་ག་ སླབ་མ་ཤེས་པའི་ གནས་སྟངས་ནང་ཡོདཔ་ཨིན་པས།

མང་ཤོས་ཅིག་ར་ ལྟ་བཤལ་པའི་ སྲིད་བྱུས་གསརཔ་དེ་གིས་ ཁེ་ཕན་དང་ ཁོང་རའི་ཚོང་འབྲེལ་ལུ་ གནོད་ཉེན་ག་དེ་སྦེ་འོང་ག་ མགུ་འཐོམ་སྟེ་ཡོདཔ་ད་ ཡུན་བརྟན་གོང་འཕེལ་གྱི་ འཐུས་དེ་གིས་ ལྟ་བཤལ་ལག་ལེན་ལས་སྡེ་ ཡང་ཅིན་ ཟ་ཁང་ཚུ་ལུ་ ཁེ་ཕན་ ཡང་ཅིན་ གྱོང་རྒུད་ཕོག་འོང་ག་ སླབ་མ་ཤེས་ནི་དེ་གིས་ཨིན་པས།

ཚ་གྱང་ལང་དགོ་མི་དེ་ཡང་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ཟ་ཁང་ཚུ་ལུ་ ལྟ་བཤལ་དང་འབྲེལ་བའི་ ཚོང་འབྲེལ་འཐབ་ཆོག་བཟོ་མི་ལུ་བརྟེན་ཨིན་པས།

ད་ལྟོ་ཚུན་ ཐོ་བཀོད་ཅན་གྱི་ ལྟ་བཤལ་ལག་ལེན་ལས་སྡེ་༣,༠༠༠ དེ་ཅིག་ཡོད་མི་ལས་ ལྟ་བཤལཔ་ཚུ་ལེན་ནིའི་ གྲ་སྒྲིག་ཡོད་མེད་ཀྱི་ འོས་མཐུན་དང་ བརྟག་ཞིབ་འབད་ནིའི་དོན་ལུ་ ལྟ་བཤལ་ལག་ལེན་ལས་སྡེ་༦༢༩ རྐྱངམ་གཅིག་གིས་ ཡི་གུ་བཙུགས་ཏེ་ ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སྤྱི་ཟླ་༧ པའི་ཚེས་༣ གྱི་ ནང་འཁོད་ལུ་ ཟ་ཁང་༡༢༦ དང་ གྲོང་གསེབ་སྡོད་ཁྱིམ་༩༢ དེ་ཅིག་གིས་ ལྟ་བཤལཔ་ལེན་ནིའི་དོན་ལུ་ གྲ་སྒྲིག་ཡོད་མེད་ཀྱི་ འོས་མཐུན་དང་ བརྟག་ཞིབ་འབད་ནིའི་ ཡི་གུ་བཙུགས་ནུག།

ད་རེས་ནངས་པར་ ཟ་ཁང་ལ་ལོ་ཅིག་ ཉམས་བཅོས་འབད་བའི་བསྒང་ཡོདཔ་ད་ གནས་ཚད་ཅན་གྱི་ ཟ་ཁང་ལ་ལོ་ཅིག་ ཡིག་ཚང་དང་ སྒེར་གྱི་སྡོད་ཁྱིམ་ལུ་ བསྒྱུར་བཅོས་འབད་བའི་ཁར་ ལ་ལོ་ཅིག་ ག་ཅི་འབད་ནི་ཨིན་ན་ཡང་ མ་ཤེས་པར་ སྡོད་དེ་ཡོདཔ་ཨིན་པས།

ཟ་ཁང་ཚུ་ལུ་ མགུ་འཐོམ་བྱུང་ཡོདཔ།

ཟ་ཁང་ལས་སྡེ་ཚུ་ནང་ ལྟ་བཤལ་སྲིད་བྱུས་གསརཔ་དེ་གིས་ ཁེ་ཕན་དང་ གནོད་པ་འབྱུང་འོང་ཟེར་སླབ་མི་གཉིས་ཆ་ར་ཡོདཔ་ད་ ཟ་ཁང་ཚུ་གིས་འབད་བ་ཅིན་ ཡུན་བརྟན་གོང་འཕེལ་གྱི་ འཐུས་ལུ་བརྟེན་ ཁེ་ཕན་འབྱུང་ནི་ཨིན་ན་ ཡང་ཅིན་ གྱོང་རྒུད་ཕོག་འོང་ག་ ད་ལྟོ་ སླབ་མི་ཤེས་ནི་མས་ཟེར་ཨིན་པས།

ཟ་ཁང་མཐུན་ཚོགས་ཀྱི་གཙོ་འཛིན་ བསོད་ནམས་དབང་ཕྱུག་གིས་ གཞུང་གིས་ ལྟ་བཤལ་པའི་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཡར་སེང་འབད་མི་དེ་གིས་ ག་དེ་སྦེ་ ཁེ་ཕན་འབྱུང་ཚུགས་ག་ ད་ལྟོ་ སླབ་མི་ཤེས་ནི་ཨིནམ་ལས་ ལྟ་བཤལཔ་ཚུ་འོངམ་ད་རྐྱངམ་གཅིག་ལས་བརྒལ་ ཤེས་མི་ཚུགས་ནི་མས་ཟེར་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ མཐུན་ཚོགས་དང་ ཟ་ཁང་ཚུ་གིས་ གནོད་པ་ག་དེ་སྦེ་འོང་ག་ ས་མཚམས་སྒོ་ར་ཚུ་ སྒོ་ཕྱེ་ནི་ལུ་ སྒུག་ཡོདཔ་ད་ འཐུས་གསརཔ་ལུ་བརྟེན་ ཟ་ཁང་བཙུགས་སྡོད་མི་ཚུ་གི་བར་ན་ དོ་འགྲན་འོང་ནི་ཨིན་མི་དེ་ཡང་ ཟ་ཁང་ཚུ་གིས་ གནས་སྐབས་མ་འདྲཝ་དང་ ཞབས་ཏོག་ཚུ་ ཡར་དྲག་གཏང་དགོཔ་ཨིན་པས།

འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཡར་སེང་འབད་མི་དེ་གིས་ ཁེ་ཕན་བྱུང་པའི་སྐོར་ལས་ སླབ་དོ་ཡོད་རུང་ ཟ་ཁང་ཚུ་ལུ་ གོང་ཚད་ཚུ་ ཉུང་སུ་སྦེ་ བཙོང་ནི་མེན་པར་ གནས་ཚད་རྒྱུན་སྐྱོང་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ བསོད་ནམས་དབང་ཕྱུག་གིས་ བཤདཔ་ཨིན་པས།

ཧེ་མའི་ ཉིན་བསྟར་ཉུང་མཐའ་བདེ་སྒྲིག་ཚད་གཞི་ནང་ ཟ་ཁང་ཚུ་གིས་ ལྟ་བཤལ་ལས་སྡེ་ཚུ་ལུ་ ཏི་རུ་བྱིན་དོ་ཡོདཔ་མ་ཚད་ ཁོང་ཇོ་བདག་ཚུ་གི་བར་ན་ གོང་ཚད་ཀྱི་དོན་ལུ་ བདེ་སྒྲིག་བཟོ་ནི་ཡོདཔ་ཨིན་པས།

ལྟ་བཤལ་ལག་ལེན་ལས་སྡེ་དང་འཁྲིལ་ཏེ་ ཟ་ཁང་ཚུ་གིས་ འོང་འབབ་མངམ་ འཐོབ་ནི་དང་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ ཟ་ཁང་གི་ གོང་ཚད་མར་ཕབ་འབད་དོ་ཡོདཔ་ཨིན་པས།

ཟ་ཁང་གི་ ཇོ་བདག་ཅིག་གིས་ སླབ་མིའི་ནང་ ལྟ་བཤལཔ་ཚུ་གིས་ གལ་སྲིད་ འབྲུག་ལུ་ ལྟ་བཤལ་གྱི་དོན་ལུ་ ཉིན་ཞག་༡༠ གི་ ཟ་ཁང་དང་ ལམ་སྟོན་པ་ ཡང་ཅིན་ སྣུམ་འཁོར་ཚུ་ མཁོ་མངགས་འབད་བ་ཅིན་ ལྟ་བཤལ་ལག་ལེན་པ་དང་གཅིག་ཁར་ བདེ་སྒྲིག་འབད་འོང་ཟེར་ཨིན་པས།

ཨིན་རུང་ མོ་གིས་འབད་བ་ཅིན་ གལ་སྲིད་ ཁེ་སང་མེད་པ་ཅིན་ ཟ་ཁང་དང་ ལྟ་བཤལ་ལག་ལེན་པ་ཚུ་གི་བར་ནའི་ གནད་དོན་ཚུ་ སེལ་ཐབས་འབད་འོང་ཟེར་ཨིན་པས།

ལྟ་བཤལ་ལག་ལེན་པ་ཚུ་གི་བསམ་འཆར།

ལྟ་བཤལ་ལས་སྡེའི་ ཇོ་བདག་ཚུ་གིས་ བཤད་མིའི་ནང་ ལྟ་བཤལཔ་ཚུ་གིས་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཡུ་ཨེསི་ཌོ་ལར་༢༠༠ རེ་ བྱིན་ནི་གི་ དང་འདོད་ཡོད་མེད་ཀྱི་ དོ་འགྲན་འབད་བའི་སྐབས་ ཟ་ཁང་གི་ ཚོང་འབྲེལ་ལུ་ ཐོ་སྦོམ་སྦེ་ར་ ཕོག་ནི་མས་ཟེར་ཨིན་པས།

ལྟ་བཤལ་ལག་ལེན་པ་ཚུ་གིས་ ཡུ་ཨེསི་ཌོ་ལར་༢༠༠ དེ་ གཞུང་ལུ་ བྱིན་དགོཔ་ལས་ དེ་བ་ལྷགཔ་སྦེ་ བཙོང་དགོཔ་ད་ ལས་སྡེ་ཅིག་གིས་ འཐུས་ཡུ་ཨེསི་ཌོ་ལར་༤༠༠ ལེན་པ་ཅིན་ ལམ་སྟོན་པ་དང་ སྐྱེལ་འདྲེན་ བཞེས་སྒོ་དང་ སྡོད་གནས་ཀྱི་ ཟད་འགྲོ་ཚུ་ ཡུ་ཨེསི་ཌོ་ལར་༢༠༠ འི་ནང་འཁོད་ལུ་ འཛིན་སྐྱོང་འཐབ་དགོ་ནི་མས་ཟེར་ཨིན་པས།

དེ་འབདཝ་ལས་ ཟ་ཁང་ཚུ་ལུ་ གྱོང་རྒུད་ཕོག་ནི་ཨིནམ་ད་ ལྟ་བཤལ་ལས་སྡེ་ཚུ་གིས་ ཟད་འགྲོ་མར་ཕབ་འབད་ནིའི་དོན་ལུ་ འཐུས་ཉུང་བའི་ ཟ་ཁང་ཚུ་གིས་ ལྟ་བཤལཔ་ལེ་ཤ་ཐོབ་ཟེར་ ལྟ་བཤལ་ལག་ལེན་པ་ཅིག་གིས་ བཤདཔ་ཨིན་པས།

འབྲུག་ལྟ་བཤལ་ལག་ལེན་མཐུན་ཚོགས་ཀྱི་ འཐུས་མི་ཅིག་གིས་ སླབ་མིའི་ནང་ འཛམ་གླིང་ནང་ ལྟ་བཤལཔ་བརྒྱ་ཆ་༦༤ དེ་ཅིག་ ལྟ་བཤལ་ལག་ལེན་པ་བརྒྱུད་དེ་ འོང་དོ་ཡོདཔ་ད་ ད་རེས་ དྭངས་གསལ་མིན་འདུག་ཟེར་ཨིན་པས།

ཁོ་གིས་འབད་ཅིན་ ཟ་ཁང་ཚུ་གིས་ ལྟ་བཤལ་ལག་ལེན་པ་སྦེ་ ལཱ་འབད་བཅུག་པ་ཅིན་ མགུ་འཐོམ་འབྱུང་འོང་ཟེར་ཨིན་པས།

ལྟ་བཤལ་ལག་ལེན་པ་ ལ་ལོ་ཅིག་གིས་ སླབ་མིའི་ནང་ ཟ་ཁང་དང་ ལྟ་བཤལ་ལག་ལེན་པ་གཉིས་ཆ་ར་གིས་ ལྟ་བཤལ་གྱི་ ཚོང་འབྲེལ་འཐབ་པ་ཅིན་ ག་ར་གིས་ གོ་སྐབས་འདྲ་མཉམ་འཐོབ་ནི་མས་ཟེར་ཨིནམ་ད་ དཔེར་ན་ ཧེ་མའི་ལམ་ལུགས་ ཉིན་བསྟར་ཉུང་མཐའ་ཚད་གཞི་ཐོག་ལུ་ ལྟ་བཤལཔ་ཅིག་ལུ་ ཟ་ཁང་དང་ ལམ་སྟོན་པ་ དེ་ལས་ སྐྱེལ་འདྲེན་དང་ བཞེས་སྒོ་བྱིན་ཡོད་རུང་ གདམ་ཁ་རྐྱབ་ནིའི་ གོ་སྐབས་མེདཔ་ཨིན་པས།

ལྟ་བཤལཔ་ཅིག་ ཟ་ཁང་ནང་ འཁྱིད་འགྱོ་བའི་སྐབས་ ལྟ་བཤལ་ལག་ལེན་པ་གིས་ ཟ་ཁང་ཚུ་དང་གཅིག་ཁར་ གོང་འགྲིག་དགོཔ་ བྱུང་མི་དེ་ཡང་ ཁེ་སང་དེ་ ཚད་འཛིན་འབད་མི་ལུ་བརྟེན་ཨིན་པས།

ཟ་ཁང་གི་ ཇོ་བདག་ཅིག་གིས་ སླབ་མིའི་ནང་ ཕྱི་རུའི་བཞེས་སྒོ་ ལྟ་བཤལཔ་རེ་ལུ་ དངུལ་ཀྲམ་༧༠༠ དེ་རེ་ གནས་མི་དེ་ དངུལ་ཀྲམ་༤༠༠ ལུ་ བདེ་སྒྲིག་འབད་མི་དེ་གིས་ ཞབས་ཏོག་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།

འཐུས་གསརཔ་དེ་གིས་ ལྟ་བཤལཔ་ཚུ་ལུ་ གདམ་ཁ་བྱིན་ནིའི་ གོ་སྐབས་འཐོབ་ཚུགས་ནི་ཨིནམ་ད་ གལ་སྲིད་ ལྟ་བཤལཔ་ཅིག་གིས་ དངུལ་ཀྲམ་༡,༠༠༠ གི་ བཞེས་སྒོ་མཁོ་མངགས་འབད་བ་ཅིན་ ཟ་ཁང་ཚུ་གིས་ དེ་དང་འཁྲིལ་ཏེ་ བྱིན་ནི་དང་ རྒྱ་ཐུག་ཟ་ནིའི་ གདམ་ཁ་རྐྱབ་རུང་ འོས་འབབ་ཡོད་ཟེར་ཨིན་པས།

ལྟ་བཤལ་ལག་ལེན་པ་གཞན་ཅིག་གིས་ སླབ་མིའི་ནང་ འཐུས་གསརཔ་ལུ་བརྟེན་ གོ་སྐབས་ལེ་ཤ་ཡོད་མི་དེ་ཡང་ ལྟ་བཤལཔ་ཅིག་གིས་ གཞན་དང་མ་འདྲཝ་ཅིག་ ཉམས་མྱོང་འཐོབ་ཐབས་འབད་ནིའི་ བློ་འདོད་ཡོད་པ་ཅིན་ དེ་དང་འཁྲིལ་ཏེ་ འཐུས་ལེན་ནི་གི་ གོ་སྐབས་ཡོད་ཟེར་ཨིན་པས།

ཨིན་རུང་ སྲིད་བྱུས་གསརཔ་ལུ་བརྟེན་ ད་ལས་ཕར་ ཞིང་ཁྱིམ་ཚུ་གིས་ ལྟ་བཤལཔ་ཚུ་ལུ་ འཐུས་ལེན་ནིའི་ གོ་སྐབས་འཐོབ་ནི་ཨིན་པའི་གནས་ཚུལ། ཨོ་རྒྱན་རྡོ་རྗེ།

About admin

Check Also

གསར་སྤང་བསམ་གཏན་གླིང་རྒེད་འོག་གི་ ཁེངས་ཨི་དིཔ་ཚུ་གིས་ གཞི་ཆགས་མི་ བདེ་ཆེན་དཔལ་རི་གི་ལོ་རྒྱུས།

༉ སྤྱི་ལོ་༢༠༠༣ གྱི་ཟླཝ་༡༠ པའི་ནང་ ས་མཚམས་བདའ་སྟེ་ སྒར་བཅགས་སྡོད་མི་ རྒྱ་གར་གྱི་ གཡིབ་དམག་སྡེ་ཚན་ཚུ་བཏོན་གཏང་ནིའི་དོན་ལུ་ ཟླཝ་༢ ལས་མེདཔ་ཨིན་མས། ཨ་སམ་དང་ བྱང་བེང་གཱལ་མངའ་སྡེའི་ གཡིབ་དམག་ཚུ་ སྒར་ཚུ་ནང་ལས་ འཐོན་འགྱོ་དགོཔ་སྦེ་ …

Leave a Reply

Your email address will not be published. Required fields are marked *