ལྟ་བཤལ་ལྷན་ཐབས་འཆར་གཞིའི་ གོ་རིམ་༢ པའི་ནང་ མི་གྲངས་༡,༢༠༠ ཀྱིས་ གྲལ་གཏོགས་འབད་ནི།

༉ ལྟ་བཤལ་ལྷན་ཐབས་འཆར་གཞི་ གོ་རིམ་དང་པའི་ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༩༠ བཏང་ཡོདཔ་བཞིན་དུ་ ལྟ་བཤལ་ལས་སྡེ་ནང་ལས་ ལཱ་གཡོག་མེད་པར་ལུས་མི་ མི་གྲངས་༡,༠༦༨ ཀྱིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
དེ་ནང་ ལྟ་བཤལ་ལམ་སྟོན་པ་དང་ དེད་གཡོགཔ་ དེ་ལས་ ལྟ་བཤལ་ལག་ལེན་པ་ཚུ་ ཚུད་ཡོདཔ་ད་ ཁོང་ཆ་ཁྱབ་ ནད་ཡམས་ཀྱི་སྐབས་ལུ་ ལཱ་གཡོག་གི་གོ་སྐབས་སྤྲོད་དེ་ དོན་སྨིན་ཅན་སྦེ་ བཞག་ནིའི་དོན་ལུ་ རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་ཐོབ་པའི་གུ་ ད་རུང་ གླ་འཐུས་དངུལ་ཀྲམ་༦,༠༠༠ རེ་དང་ ཡང་ཅིན་ ཉིན་བསྟར་གྱི་གླ་ཆ་ དངུལ་ཀྲམ་༥༠༠ ལས་༡,༠༠༠ སྤྲོད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གོ་རིམ་༢ པའི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༡༦༨ དེ་ཅིག་ཡོདཔ་ད་ དེ་གི་སྐབས་ལུ་ཡང་ ལྟ་བཤལ་ལས་སྡེའི་ ལས་བྱེདཔ་༡,༢༠༠ དེ་ཅིག་གིས་ གྲལ་གཏོགས་འབད་ཚུགསཔ་བཟོ་ནིའི་ འཆར་གཞི་ཡོདཔ་ཨིན་པས།
འཆར་གཞི་དེ་གི་འོག་ལུ་ གཞི་རྟེན་མཁོ་ཆས་དང་ ཅ་ཆས་བཟོ་སྐྲུན་ ཕྱགས་སྙིགས་འཛིན་སྐྱོང་ སྦྱོང་བརྡར་དང་ ལག་ཤེས་བསྐྱར་ཞིབ་ དེ་ལས་ ཞིབ་འཚོལ་འབད་ནིའི་ལས་སྣ་ཚུ་ ཚུད་དེ་ཡོདཔ་བཞིན་དུ་ ཡོངས་བསྡོམས་མ་དངུལ་ དངུལ་ཀྲམ་ས་ཡ་༢༨༦ བཞག་ཡོདཔ་ཨིན་པས།
ལྟ་བཤལ་ལྷན་ཐབས་འཆར་གཞིའི་ ལྟ་བཤལ་འགོ་འཛིན་ བཀྲིས་བསྟན་འཛིན་གྱིས་ སླབ་མིའི་ནང་ མ་དངུལ་དང་འཁྲིལ་ གལ་ཅན་མེན་མི་ལས་སྣ་ ལ་ལོ་ཅིག་ འཆར་གཞི་ནང་ལས་ བཏོན་བཞག་དགོཔ་ཐོན་ཡི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ གོ་རིམ་དང་པའི་སྐབས་ མི་ཚུ་གི་བར་ན་ ས་སྟོང་བཞག་དགོ་པའི་ གསོ་བའི་ལྷན་ཁག་གི་ སྒྲིག་གཞི་བཏོན་མི་ལུ་བརྟེན་ སྦྱོང་བརྡར་དང་ ལག་ཤེས་བསྐྱར་ཞིབ་ཚུ་ འགོ་འདྲེན་འཐབ་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ གཞི་རྟེན་མཁོ་ཆས་དང་ ཅ་ཆས་གསར་བཟོའི་ ལས་སྣ་འོག་ལུ་ ལམ་བདའ་སྟེ་ གོང་འཕེལ་གྱི་ ལཱ་འབད་དགོཔ་ད་ སྟག་ཚང་གི་ ས་ཁོངས་ལེགས་བཅོས་འབད་ནི་ ཐིམ་ཕུག་གི་སྒོ་ར་ལས་ སྤ་རོ་ཚུན་ ཤིང་བཙུགས་ནི་ དེ་ལས་ སྤུ་ན་ཁ་ ལས་སྐྱིད་ཐང་ལུ་ གཞི་རྟེན་གྱི་བཟོ་བཀོད་ཚུ་ བཟོ་ཡོདཔ་ཨིན་པས།
བཀྲིས་བསྟན་འཛིན་གྱིས་ བཤད་མིའི་ནང་ བཀྲིས་སྒང་ལས་ཧཱ་ཚུན་ རྒྱལ་ཁབ་ཀྱི་ ཤར་ནུབ་བར་ནའི་ མི་ལམ་དེ་ཡང་ ལེགས་བཅོས་འབད་བཞིན་དུ་ཡོདཔ་ད་ ས་གནས་ལ་ལོ་ཅིག་ནང་ ཟམ་ཚུ་ཡང་ རྐྱབ་སྟེ་ཡོད་ཟེར་ཨིན་པས།
ད་ལྟོ་ཚུན་ ཤར་ནུབ་ཀྱི་མི་ལམ་དེ་ རྒེད་འོག་༢༨ ཀྱི་ནང་ ལེགས་བཅོས་འབད་བའི་བསྒང་ཡོདཔ་ད་ མ་འོངས་པར་ ལྟ་བཤལཔ་ཚུ་གིས་ ལམ་དེ་བདའ་སྟེ་ ལམ་འགྲུལ་འབད་ཚུགས་པའི་ ཕན་ཁྱད་འབྱུང་ནི་ཨིན་པས།
དེ་ལས་ ཕྱགས་སྙིགས་འཛིན་སྐྱོང་གི་ ལས་སྣའི་འོག་ལུ་ ལྟ་བཤལ་ལམ་སྟོན་པ་༢༠ གྱིས་ གྲལ་གཏོགས་འབད་ཐོག་ལས་ ཡོངས་གྲགས་ཅན་གྱི་ ལྟ་བཤལ་ས་ཁོངས་ཚུ་ ཕྱགས་བརྡར་རྐྱབ་ཡོདཔ་ད་ གསོ་བ་རིག་པ་དང་ ལག་བཟོའི་སྦྱོང་བརྡར་ཚུ་ཡང་ བྱིན་ཏེ་ཡོད་ཟེར་ཨིན་པ།
བཀྲིས་བསྟན་འཛིན་གྱིས་ བཤད་མིའི་ནང་ ད་རེས་ཀྱི་ ལས་རིམ་དེ་གི་དོན་ལུ་ ས་ཁོངས་ཚུ་ཡང་ ལྟ་བཤལཔ་ཚུ་གིས་ མང་སུ་འགྱོ་དོ་ཡོད་མི་ཚུ་ལུ་ལྟ་སྟེ་ གདམ་ཁ་རྐྱབ་ཅི་ཟེར་ཨིནམ་ད་ དཔེ་འབད་བ་ཅིན་ ཐིམ་ཕུག་དང་དང་ སྤ་རོ་ དེ་ལས་ སྤུ་ན་ཁ་ཚུ་ ལྟ་བཤལ་པའི་ས་ཁོངས་ གཙོ་ཅན་ཨིན་ཟེར་ཨིན་པས།
དེ་མ་ཚད་ ས་ཁོངས་དེ་ཚུའི་ནང་ ནད་ཡམས་ལུ་བརྟེན་ ལྟ་བཤལ་ལས་སྡེའི་ལས་བྱེདཔ་ ལཱ་གཡོགཔ་མེད་པར་ལུས་མི་ མང་སུ་ཡོད་ཟེར་ཨིན་པས།
ལས་རིམ་གྱི་ གོ་རིམ་༢ པ་དེ་ སྤྱི་ཟླ་༧ པ་ལས་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་བསྒང་ མང་སུ་ཅིག་ སྦྱོང་བརྡར་དང་ ལག་ཤེས་བསྐྱར་ཞིབ་ནང་ལུ་ གཙོ་བོར་བཏོན་ནི་དང་ ད་རེས་ ནད་ཡམས་ལུ་བརྟེན་ ཕྱི་རྒྱལ་གྱི་ལྟ་བཤལཔ་མེདཔ་ལས་ ནང་འཁོད་ཀྱི་ ལྟ་བཤལ་གོང་འཕེལ་གཏང་ནི་ལུ་ གཙོ་བོར་བཏོན་དགོ་པའི་ བཀའ་རྒྱ་ཐོབ་སྟེ་ཡོདཔ་ལས་ ལས་སྣའི་འཆར་གཞི་ཚུ་ བཟོ་ཡོདཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེའི་ནང་ ལྟ་བཤལ་བཟོ་གྲྭ་ནང་གི་ ལས་བྱེདཔ་ཚུ་གི་དོན་ལུ་ ཐོ་བཀོད་འབད་ནིའི་ ལམ་ལུགས་ཅིག་ བཟོ་ཡོད་མི་དེ་ནང་ མི་གྲངས་༣,༠༠༠ དེ་ཅིག་གིས་ ཐོ་བཀོད་འབད་ཡོདཔ་ད་ ལཱ་གི་གོ་རིམ་༢ པའི་སྐབས་ གོ་རིམས་དང་པའི་ནང་ གོ་སྐབས་མ་ཐོབ་མི་ཚུ་ལུ་ བྱིན་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

 

About admin

Check Also

སྨན་ཁབ་ཐེངས་༢ པ་མ་ལྷོད་ཚུན་ ཉེན་སྲུང་གི་སྒྲིག་གཞི་ལུ་ ཚུལ་མཐུན་གནས་དགོཔ།

༉ ང་བཅས་ར་ ཉིནམ་དག་པ་ཅིག་གི་ཤུལ་ལས་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་དང་པ་བཙུགས་ཏེ་ བདུན་ཕྲག་༡༤ ལང་ནི་ཨིནམ་ལས་ འབྲུག་མི་ཚུ་གིས་ སྨན་ཁབ་ལས་རིམ་ཐེངས་༢ པའི་སྐོར་ལས་ དྲི་དཔྱད་འབད་ནི་ འགོ་བཙུགསཔ་ཨིན་མས། སྨན་ཁབ་ལས་རིམ་དང་པའི་ནང་ རྒྱལ་ཁབ་ནང་འཁོད་ལས་ …

Leave a Reply

Your email address will not be published. Required fields are marked *