མོ་ཆུ་བདའ་སྟེ་ ལྟ་བཤལཔ་ཚུ་གིས་ པཱན་གྲུ་བཏང་པའི་བསྒང་།

ལྟ་བཤལ་ལས་སྡེ་ཚུ་གིས་ པཱན་གྲུ་གཏང་ནིའི་ ལས་སྣ་ཚུ་ ལོག་འགོ་བཙུགས་ཡོདཔ།

༉ སྤུ་ན་ཁ་ལུ་ སྤྱི་ཟླ་༨ པའི་ཚེས་༡༢ ལུ་ མོ་ཆུ་ནང་ པཱན་གྲུའི་རྐྱེན་ངན་ལུ་བརྟེན་ མི་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ གྲུ་གཏང་ནི་དེ་ བཀག་དམ་འབད་མི་དེ་ སྤྱི་ཟླ་༨ པའི་ཚེས་༣༡ ལུ་ ཆ་མེད་བཏང་ནུག།
འབྲུག་ལྟ་བཤལ་ཚོགས་སྡེ་གིས་ སྤྱི་ཟླ་༨ པའི་ཚེས་༡༣ ལུ་ འབྲུག་ལྟ་བཤལ་མཐུན་ཚོགས་ལུ་ པཱན་གྲུ་གཏང་ནི་དེ་ གནས་སྐབས་ཅིག་ བཀག་དམ་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
གྲུ་བཏང་མི་ ལས་སྡེ་ཅིག་གི་ འཛིན་སྐྱོང་མདོ་ཆེན་ རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱི་ཟླ་༨ པའི་ཚེས་༣༡ ལུ་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ བཀག་དམ་འབད་ཡོད་མི་དེ་ ལོག་གཏང་ཆོགཔ་པའི་ གསལ་བསྒྲགས་འབད་ནིའི་དོན་ལུ་ སྤུ་ན་ཁ་ལུ་ གྲུ་གཏང་མི་ལས་སྡེ་༢ འབོ་ཡོདཔ་ད་ དེ་བསྒང་ སྤུ་ན་ཁའི་རྫོང་བདག་ ཀརྨ་འབྲུག་པ་གིས་ཡང་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།
རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ སྤུ་ན་ཁ་ལུ་ གྲུ་གཏང་ཆོག་པའི་ ཆོག་འཐམ་འཆང་མི་ ལས་སྡེ་༢ ལས་བརྒལ་མེད་ཟེར་ཨིནམ་ད་ ཆོག་ཐམ་མེད་པའི་ ལས་སྡེ་ཚུ་ གྲུ་གཏང་མ་ཆོགཔ་མ་ཚད་ ལས་སྡེ་ཚུ་ལུ་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ངག་ཐོག་ལས་ གསལ་བསྒྲགས་འབད་ཡི་ཟེར་ཨིན་པས།
དེ་འབདཝ་ད་ སྤུངས་ཐང་བདེ་བ་ཆེན་པོའི་ ཕོ་བྲང་གི་ སྦོ་ལོགས་ཁར་ གྲུ་གཏང་མ་ཆོག་མི་དེ་ཡང་ ཉེན་སྲུང་གི་དོན་ལུ་ཨིན་ཟེར་ རྫོང་བདག་གིས་ སླབ་དེས་ཟེར་ རྟ་མགྲིན་རྡོ་རྗེ་གིས་ བཤད་པའི་ཁར་ མི་རྫོང་ནང་ན་ འགྱོ་ཆོགཔ་ད་ ཆུའི་མཐའམ་བདའ་སྟེ་ གྲུ་གཏང་ནི་ མི་ཆོག་པས་ཟེར་ བཤདཔ་ཨིན་པས།
གྲུ་གཏང་ནི་དེ་ གནས་སྐབས་ཅིག་གི་རིང་ བཀག་དམ་འབད་བའི་སྐབས་ ལྟ་བཤལ་ལས་སྡེ་ཚུ་གིས་ ལས་སྣ་ཚུ་ ལྟ་རྟོག་དང་ བཀག་འཛིན་འབད་མི་ དབང་འཛིན་མེད་པའི་ ཚ་གྱང་བཤད་ཡོདཔ་ཨིན་པས།
འབྲུག་ལྟ་བཤལ་ལས་སྡེ་དང་ རྫོང་བདག་གིས་ གྲུ་གཏང་ནི་དེ་ བཀག་འཛིན་འབད་ཡོད་པའི་སྐོར་ ཁ་བཟེད་མ་བཏུབ་ཨིན་པས།
རྫོང་བདག་གིས་ གྲུ་ཐུག་རྐྱེན་བྱུང་པའི་ཤུལ་ རྫོང་ཁག་བདག་སྐྱོང་གིས་ འབྲུག་ལྟ་བཤལ་ཚོགས་སྡེ་ལུ་ གནད་དོན་དེ་ ལྟ་རྟོག་འབད་དགོ་པའི་ སྙན་ཞུ་འབད་ཡི་ཟེར་ བཤདཔ་མ་ཚད་ གྲུ་བཏང་མི་ ལས་སྡེ་ཚུ་གིས་ པཱན་གྲུ་གཏང་ནི་ ལོག་འགོ་བཙུགས་ཡོད་རུང་ ཆོག་ཐམ་མེད་པར་ གྲུ་གཏང་མི་ལེ་ཤ་ཡོད་པའི་ ཚ་གྱང་བཤདཔ་ཨིན་པས།
རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གིས་ བསྟན་རྒྱས་ལྷན་ཁག་དང་ སྤུ་ན་ཁ་རྫོང་ཁག་བདག་སྐྱོང་ དེ་ལས་ འབྲུག་ལྟ་བཤལ་ཚོགས་སྡེ་ལུ་ གནད་དོན་དེའི་སྐོར་ ཞུ་ཡིག་ཕུལ་ཡི་ཟེར་ཨིནམ་ད་ འཕྲལ་ཁམས་ཅིག་ཁར་ ཆོག་ཐམ་མེད་པའི་ གྲུ་བཏང་མིའི་སྐོར་ལས་ སྙན་ཞུ་ཕུལ་ཡོད་རུང་ ད་ཚུན་ ལན་གསལ་ག་ནི་ཡང་ མ་ཐོབ་ཟེར་ བཤདཔ་ཨིན་པས།
ཁྲིམས་ལུགས་དང་འཁྲིལ་བ་ཅིན་ ཆོག་ཐམ་མེད་པར་ གྲུ་བཏང་མི་ལུ་ ཉེས་ཆད་དངུལ་ཀྲམ་༢,༠༠༠ རེ་ ཕོགཔ་སྦེ་ འཁོད་དེ་ཡོདཔ་ད་ ལས་སྡེ་ཚུ་གིས་ ཉེས་ཆད་བཏབ་ཐོག་ལས་ ལོག་སྟེ་ར་ པཱན་གྲུ་གཏངམ་མས་ཟེར་ རྟ་མགྲིན་རྡོ་རྗེ་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *