ལྟ་བཤལ་ལས་སྡེ་ཚུ་གིས་ དབང་འཛིན་ཕུད་དོག་ཅིག་དགོ་པའི་མཁོ་འདོད།

༉ འཕྲལ་ཁམས་ཅིག་ཁར་ སྤུ་ན་གཙང་ཆུ་ནང་ གྲུ་བཏང་པའི་སྐབས་ མི་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ སྤྱི་ཟླ་༨ པའི་ཚེས་༡༣ ལས་ ལྟ་བཤལ་ལས་སྡེ་ཚུ་གིས་ གྲུ་གཏང་མ་ཆོག་པའི་ བཀག་དམ་འབད་ཡོདཔ་ཨིན་པས།

གྲུ་གི་ཞབས་ཏོག་ལས་སྡེ་ཅིག་གི་ འཛིན་སྐྱོང་མདོ་ཆེན་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ རྐྱེན་ངན་བྱུངམ་ཅིག་ར་ ཞབས་ཏོག་བཀག་དམ་འབད་ནི་དེ་ འོས་འབབ་མིན་འདུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྐྱེན་ངན་གྱི་ཐད་ཁར་ རང་རྒུད་པ་ཅིན་ ག་ཅི་བཟུམ་ནང་ཡང་ བྱུངམ་ཨིན་ཟེར་ཨིནམ་ད་ དཔེ་འབད་བ་ཅིན་ སྣུམ་འཁོར་ཐུག་རྐྱེན་བྱུངམ་ད་ རྒྱུན་འགྲུལ་བཀག་ཆ་འབད་ནི་ཨིན་ན་ཟེར་ དྲི་བ་བཀོདཔ་ཨིན་པས།

གྲུ་གཏང་ནི་ བཀག་དམ་འབད་མི་དེ་གིས་ ཁོ་གི་ཚོང་ལཱ་ལུ་ ཐད་ཀར་དུ་ བར་ཆད་རྐྱབ་ཡོདཔ་མ་ཚད་ སྤུ་ན་ཁ་གི་ མགྱོན་ཁྱིམ་དང་ ཟ་ཁང་ཚུ་ལུ་ཡང་ ཐོ་ཕོག་འོང་ཟེར་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ དབང་འཛིན་ཚུ་གིས་ དེ་བཟུམ་མིའི་ གྲོས་ཐག་མ་བཅད་པའི་ཧེ་མར་ དཔལ་འབྱོར་ལུ་ གནོད་པ་ཡོད་མེད་ཀྱི་ ལྟ་རྟོག་འབད་དགོཔ་འདུག་ཟེར་ཨིན་པས།

དེ་ཡང་ལྟ་བཤལ་པའི་ ལམ་འགྲུལ་ཡིག་ཆ་ནང་ སྤུ་ན་ཁ་ལུ་ གྲུ་གཏང་ནིའི་ལས་རིམ་མེད་པའི་བསྒང་ལས་ རྒྱལ་ཁབ་ནང་ལས་ཉིནམ་༡ ཧེ་མར་ལོག་འགྱོ་དགོ་པས་ཟེར་ཨིན་པས།

འབྲུག་ལྟ་བཤལ་ལག་ལེན་མཐུན་ཚོགས་ཀྱི་ བཀོད་ཚོགས་འཐུས་མི་གིས་ འཕྲལ་ཁམས་ཅིག་ཁར་ སངས་རྒྱས་ཤ་མུའི་ དུས་སྟོན་ཆ་མེད་བཏང་མི་གིས་ ལྟ་བཤལ་ལས་སྡེ་ཚུ་ལུ་ རྒུད་འཐུས་སྤྲོད་ནིའི་ ཟད་འགྲོ་ཐེབས་གནས་ཡོདཔ་མ་ཚད་ ལྟ་བཤལ་ལས་སྡེ་ཚུ་གི་ བློ་གཏད་དང་ ཡིད་ཆེས་ལུ་ཡང་ ཐོ་ཕོག་ཅི་ཟེར་ཨིན་པས།

དེ་མ་ཚད་ ཐོ་ནང་ཚུད་ཡོད་པའི་ ལས་རིམ་ཚུ་མེད་པའི་བསྒང་ལས་ ལྟ་བཤལ་ལས་སྡེ་ལ་ལོ་ཅིག་ ཕྱིའི་ལྟ་བཤལ་ལས་སྡེ་ཚུ་ལུ་ འཐུས་ལོག་སྟེ་སྤྲོད་དགོཔ་ཡང་ ཐོན་ཡི་ཟེར་ཨིན་པས།

བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ རྫོང་ཁག་བདག་སྐྱོང་གི་ གྲུ་གཏང་ནིའི་ བཀག་དམ་འབད་བའི་སྐབས་ ལས་སྡེ་ཚུ་ལུ་རྐྱངམ་གཅིག་གི་ མནོ་བསམ་བཏངམ་མ་གཏོགས་ དེ་གིས་ འབྱེམ་ཕོག་ནི་ཨིན་པའི་ མནོ་བསམ་མ་གཏང་པས་ཟེར་ཨིན་པས།

འབྲུག་ལྟ་བཤལ་ལག་ལེན་མཐུན་ཚོགས་ཀྱི་ འཐུས་མི་ཅིག་གིས་ སླབ་མིའི་ནང་ སྤྱི་ཟླ་༨ པའི་ཚེས་༢༧ ལུ་ ལྟ་བཤལ་ལས་སྡེ་ཚུ་ལུ་ ཚ་གྱང་ཡོད་ལུགས་སྐོར་ལས་ བསྟན་རྒྱས་ལྷན་ཁག་ལུ་ ཞུ་ཡིག་ཕུལ་ཡི་ཟེར་ཨིན་པས།

ལྟ་བཤལ་ལས་སྡེ་ཚུ་གིས་ ཉེན་སྲུང་གི་དོན་ལུ་ ལྟ་རྟོག་དང་ ཁྲིམས་ལུགས་བཟོ་ནིའི་ རང་རྐྱང་གི་དབང་འཛིན་དགོཔ་སྦེ་ བཤད་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ལྟ་བཤལ་ཚོང་འབྲེལ་ནང་ ལས་སྡེ་ཁག་༤ ལུ་ འགན་ཁུར་སོ་སོར་ཡོད་རུང་ གྲུ་གཏང་ནིའི་དོན་ལུ་ ལྟ་རྟོག་དང་ ཁྲིམས་ལུགས་བཟོ་ནིའི་དབང་ཚད་མེད་མི་ལུ་ བལྟ་བ་ཅིན་ ལས་སྡེ་དེ་ འགོ་འདྲེན་ལེགས་ཤོམ་མེད་པའི་ ལས་སྡེ་ཅིག་ཨིན་ཟེར་ཨིན་པས།

སྤུ་ན་ཁ་ལུ་ གྲུ་གཏང་ནིའི་ལས་སྡེ་༦ ཡོདཔ་ཨིན་རུང་ རྐྱེན་ངན་དེ་གི་ཤུལ་ལས་ ཚོང་འབྲེལ་གྱི་ཆོག་ཐམ་ཡོད་པའི་ ལས་སྡེ་༢ རྐྱངམ་གཅིག་ཨིན་པའི་ ཤེས་རྟོགས་བྱུང་ཡི་ཟེར་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤད་ཡོདཔ་ཨིན་པས།

ཆོག་ཐམ་འཆང་མི་ལས་སྡེ་༢ པོ་དེ་ འབྲུག་རཱཕ་ཏིང་དང་ ཨེས་པོ་ལར་ལོ་ཊོས་ཨིནམ་ད་ གཞན་མི་ཚུ་ ལྟ་བཤལ་ལས་སྡེ་ལས་ ཚོང་འབྲེལ་ཆོག་ཐམ་མེད་མི་ཚུ་ཨིན་པས།

བསོད་ནམས་སྟོབས་རྒྱས་ཀྱིས་ འབྲུག་ལྟ་བཤལ་ཚོགས་སྡེ་ལུ་ ཡི་གུ་ཕུལ་མིའི་ནང་ རྐྱེན་ངན་མ་འབྱུང་ཚུན་ འབྲེལ་ཡོད་ལས་སྡེ་ཚུ་ རྐྱེན་ངན་ནང་འབྲེལ་བ་ཡོད་མི་དང་ མེད་མི་ག་ར་ བག་གཡེང་ཅན་ཙང་ཙ་ ཨིན་ཟེར་ཨིན་པས།

ལས་སྡེ་ག་ར་ ཉེན་སྲུང་དང་ ཁྲིམས་མཐུན་ཨིན་མེན་གྱི་ ཚ་གྱང་མེད་མི་དང་ ལྟ་བཤལ་ལས་སྣ་ནང་ མིའི་ཚེ་སྲོག་ལུ་ གནོད་ཉེན་མེད་པའི་ དཔའ་རྩལ་ཅན་སྦེ་ འགོ་འདྲེན་འཐབ་ཚུགས་མི་ཚུགས་ཀྱི་ ཚ་གྱང་མེད་པར་ཡོད་ཟེར་ ཨིན་པས།
ལྟ་བཤལ་དབང་འཛིན་ཚུ་གིས་ བཤལ་ལས་སྡེ་ནང་ གྲུ་གཏང་ནིའི་ཚོང་འབྲེལ་དེ་ ཕན་ཐོགས་ཅན་ཨིནམ་ཧ་གོ་སྟེ་ ལྟ་རྟོག་དང་ ཁྲིམས་ལུགས་བརྩམ་དགོཔ་འདུག་ཟེར་ཨིན་པས།

འབྲུག་ལྟ་བཤལ་ཚོགས་སྡེ་གིས་ སླབ་མིའི་ནང་ ཚོགས་སྡེ་ལུ་ གྲུ་གཏང་ནིའི་ལས་རིམ་ བཀག་དམ་འབད་ནིའི་ དབང་ཚད་མེདཔ་ལས་ བཀག་དམ་མ་འབད་ཟེར་ཨིན་པས།

གནད་དོན་འདི་ལུ་ སྤུ་ན་ཁ་རྫོང་བདག་དང་ འབྲེལ་བ་འཐབ་ནིའི་ དཔའ་བཅམ་རུང་ འབྲེལ་བ་འཐབ་མ་ཚུགསཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

  

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *