ལྟ་བཤལ་གྱི་ སྲིད་བྱུས་དང་ བཅའ་ཁྲིམས་གང་རུང་ དགོ་པའི་གྲོས་འདེབས་ཕུལ་ཡོདཔ།

༉ རྒྱལ་ཁབ་ཀྱི་ འོང་འབབ་བཟོ་མི་ ལས་སྡེ་གཙོ་ཆེ་ཤོས་༢ པ་ཨིན་མི་ ལྟ་བཤལ་ཚོང་ལས་དེ་ ལེགས་ཤོམ་འགྱོ་དགོ་པ་ཅིན་ ལྟ་བཤལ་སྲིད་བྱུས་དང་ ཡང་ཅིན་ བཅའ་ཁྲིམས་གསར་བཟོ་ འབད་དགོཔ་ཡོདཔ་ཨིན་པས།

དེ་ཡང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ལྟ་བཤལ་ལས་སྡེའི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ གསར་བཏོན་འབད་མིའི་ནང་ ལྟ་བཤལ་ཚོང་ལས་ནང་ ལག་ལེན་སྐྱོ་དྲགས་ཡོད་པའི་ཁར་ གལ་གནད་ཅན་གྱི་ གནོད་སྐྱོན་དང་ སྐྱོན་ཆ་བྱུང་མི་དེ་ གཙོ་བོ་ར་ ལྟ་བཤལ་གྱི་ བཅའ་ཡིག་དང་ ཡང་ཅིན་ སྲིད་བྱུས་མེད་མི་ལུ་བརྟེན་ཨིན་མས་ཟེར་བཀོད་ནུག།
ལྟ་བཤལ་གྱི་ དཔྱད་ཡིག་དང་ སྲིད་བྱུས་ཀྱི་ ཟིན་བྲིས་དེ་ སྤྱི་ལོ་༢༠༠༥ ལས་ར་ གྲོས་བསྡུར་འབད་བཞིན་དུ་ཡོདཔ་ད་ འདི་བཟུམ་མའི་ ཁྲིམས་དོན་གྱི་ ཐབས་ལམ་ཚུ་ མེད་མི་ལུ་བརྟེན་ འབད་བརྩོན་བསྐྱེད་མི་དང་ ལམ་སྟོན་ཚུ་ མེད་མི་དེ་གིས་ ལྟ་བཤལ་ཚོང་ལས་ གོང་འཕེལ་གཏང་ནི་དང་ ཁྱབ་སྤེལ་འབད་ནི་ དེ་ལས་ ཚད་འཛིན་འབད་ནི་གི་ དམིགས་གཏད་ཅན་གྱི་ ལམ་སྟོན་དང་ འགོ་འདྲེན་ལུ་ བར་ཆད་བྱུང་སྟེ་འདུག་ཟེར་ སྙན་ཞུ་ནང་ བཀོད་དེ་འདུག།
ཀུན་ཁྱབ་ཀྱི་ ལྟ་བཤལ་བཅའ་ཁྲིམས་མེད་མི་ལུ་བརྟེན་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ལྟ་རྟོག་གི་ ལས་དོན་ཚུ་ གློ་བུར་གྱི་ཐོག་ལུ་དང་ ཆ་གནས་ཡོད་པའི་ བྱ་རིམ་གྱི་གནས་ཚད་ ཡང་ཅིན་ ཆ་གནས་ཅན་གྱི་ སྒྲིག་གཞི་དང་ ཡང་ཅིན་ ལམ་སྟོན་ཚུ་ ག་ནི་ཡང་མེད་པར་ འགོ་འདྲེན་འཐབ་སྟེ་འདུག་ཟེར་ཨིན་པས།
ལྟ་བཤལ་ཚོགས་སྡེ་གིས་ བཅའ་ཡིག་དང་ སྒྲིག་གཞི་ཚུ་ དོན་སྨིན་གྱི་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ ངེས་བརྟན་བཟོ་ནི་དང་ མཉམ་འབྲེལ་རྒྱ་བསྐྱེད་གཏང་ནི་ དེ་ལས་ ལྟ་བཤལ་གྱི་ལས་དོན་ཚུ་ ཚུལ་མཐུན་ཐོག་ལུ་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ ལྟ་བཤལ་སྲིད་བྱུས་དང་ བཅའ་ཁྲིམས་གསརཔ་བརྩམ་དགོཔ་སྦེ་ རྩིས་ཞིབ་དབང་འཛིན་གྱིས་ གྲོས་འདེབས་བཀོད་ནུག།
དེ་མ་ཚད་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ འཛམ་གླིང་གི་ དཔལ་འབྱོར་གོང་འཕེལ་ཚུ་དང་འཁྲིལ་ཏེ་ ད་ལྟོ་ཡོད་པའི་ ཁྲལ་གྱི་ཚད་གཞི་འདི་ དུས་ཐོག་ལུ་ བསྐྱར་ཞིབ་འབད་དགོཔ་འདུག་ཟེར་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཧེ་མ་ལས་ཡོད་པའི་ ཁྲལ་གྱི་གཞི་བཀོད་དེ་ དུས་ཐོག་ལུ་ བསྐྱར་ཞིབ་འབད་དེ་ འཛམ་གླིང་དཔལ་འབྱོར་གོང་འཕེལ་དང་བསྟུན་ ནུས་ཤུགས་ཅན་དང་ ངོས་ལེན་ཅན་བཟོ་བ་ཅིན་ འདི་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གྱི་ ཁེ་ཕན་སྦོམ་ འཐོབ་ཚུགས་ནི་ཨིན་པའི་ བསམ་འཆར་ཡང་བཀོད་ནུག།
ཨིན་རུང་ འབྲུག་རྒྱལ་ཁབ་འདི་ རིན་ཐང་ཆེ་བའི་ ལྟ་བཤལ་ས་ཁོངས་ཅིག་སྦེ་ གོང་འཕེལ་གཏང་ནི་གི་ གཞི་རྩ་དང་ དམིགས་དོན་ཚུ་དང་ རིམ་མཐུན་ཐོག་ལུ་ ཁྲལ་བསྐྱར་ཞིབ་འབད་དགོ་ཟེར་ཨིན་པས།
ད་རུང་ དབང་འཛིན་གྱིས་ འབྲུག་ལྟ་བཤལ་ཚོགས་སྡེ་ལུ་ ལུང་ཕྱོགས་ཀྱི་ ལྟ་བཤལཔ་ཚུ་ ཚད་འཛིན་འབད་ནིའི་དོན་ལུ་ ཚུལ་མཐུན་གྱི་ ཐབས་ལམ་གསརཔ་བཟོཝ་ད་ གཞི་བཙུགས་འབད་དགོ་པའི་ གྲོས་འདེབས་བཀོད་ནུག།
སྤྱི་ལོ་༢༠༡༡ ལས་ རྒྱལ་སྤྱིའི་ལྟ་བཤལཔ་ རྒྱལ་ཁབ་ནང་ འོང་མི་དང་ཕྱདཔ་ད་ ལུང་ཕྱོགས་ཀྱི་ ལྟ་བཤལ་པའི་ གྱངས་ཁ་དེ་ ཡར་སེང་འགྱོ་བའི་བསྒང་ ཡོད་མི་དེ་ཡང་ སྤྱི་ལོ་༢༠༡༥ ལུ་ ལྟ་བཤལཔ་༡༥༥,༡༢༡ འོང་ས་ལས་ བརྒྱ་ཆ་༦༢.༩༠ དེ་ ལུང་ཕྱོགས་ལྟ་བཤལ་པ་ཚུ་ཨིན་པས།
དེ་འབདཝ་ད་ ལོ་ངོ་དེ་ནང་ ལྟ་བཤལཔ་འོང་མི་དང་བསྟུན་པའི་ འབབ་ཁུངས་ཡར་སེང་བཟོ་མ་ཚུགས་པའི་ མངོན་གསལ་བྱུང་ཡོདཔ་ད་ ག་འཆརཔ་ཟེར་བ་ཅིན་ རྒྱལ་ཁབ་ནང་འོང་མི་ ལྟ་བཤལ་པའི་ གྱངས་ཁ་དེ་ བརྒྱ་ཆ་༡༦.༢༡ ཡར་སེང་སོང་སྟེ་འབད་རུང་ སྤྱི་ལོ་༢༠༡༥ གི་ འབབ་ཁུངས་བསྡོམས་དེ་ སྤྱི་ལོ་༢༠༡༤ དང་ཕྱདཔ་ད་ བརྒྱ་ཆ་༡.༥༩ མར་བབས་སོང་ནུག་ཟེར་ཨིན་པས།
ཚོགས་སྡེ་གིས་ ད་ལྟོའི་ལམ་ལུགས་ནང་ ཟ་ཁང་ཚུ་ བརྟག་ཞིབ་འབད་ནི་དང་ ཆ་འཇོག་འབད་ནི་ཚུ་ནང་ ཁྲིམས་མཐུན་གྱི་ བྱ་རིམ་ལག་ལེན་འཐབ་ནི་མེདཔ་མ་ཚད་ ནང་འཁོད་སྤུས་ཚད་ཁས་ལེན་གྱི་ བྱ་རིམ་ཚུ་བརྩིས་ཏུ་ ཆ་འཇོག་གི་ ལམ་ལུགས་ནང་ བདག་སྐྱོང་དང་ ལྟ་བཀོད་ཚུ་ ག་ནི་ཡང་མེད་པའི་ ངོས་འཛིན་བྱུང་ནུག།
ལག་ལེན་རུང་བའི་ ཁྲལ་བཏབ་ནི་དང་ དངུལ་སྤྲོད་ཀྱི་ བྱ་རིམ་ཚུ་ནང་ སྐྱོན་ཆ་ཚུ་ ངོས་འཛིན་བྱུང་པའི་ཁར་ ལྟ་བཤལ་གྱི་ ལས་རིམ་ཆ་མེད་བཏང་མི་ཚུ་གི་ཐད་ལུ་ ཚོགས་སྡེ་གིས་ སྤྲོད་དངུལ་གྱི་ དངུལ་ཚབ་སྤྲོད་ནི་ཚུ་ འཇོན་ཐངས་ཅན་གྱི་སྒོ་ལས་ བསྟར་སྤྱོད་མ་འབད་བར་ཡོད་པའི་ ངོས་འཛིན་ཡང་ བྱུང་ཡི་ཟེར་ཨིན་པས།
འབྲུག་ལུ་ ལྟ་བཤལ་ཚོང་ལས་དེ་ གཙོ་བོ་ར་ འོང་འབབ་བཟོ་ནི་དང་ དམིགས་བསལ་དུ་ ཕྱི་དངུལ་བཟོ་ནི་དང་ རྒྱལ་ཁབ་ཀྱི་ གཞན་དང་མ་འདྲ་བའི་ ལམ་སྲོལ་དང་ སྔར་སྲོལ་བཟང་པོ་ཚུ་ ཕྱིའི་རྒྱལ་ཁབ་ཚུ་ནང་ དར་ཁྱབ་གཏང་ནི་གི་ དམིགས་ཡུལ་བསྐྱེད་དེ་ སྤྱི་ལོ་༡༩༧༤ ལུ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༠༨ ཟླ་༡ པའི་ཚེས་༣༠ ལུ་ གཞུང་གིས་ འཛིན་སྐྱོང་བཀའ་རྒྱ་གནང་མི་དེ་གིས་ བདག་སྐྱོང་འབདཝ་ཨིན་པས།
རྩིས་ཞིབ་དབང་འཛིན་གྱིས་ སྤྱི་ལོ་༢༠༡༡ ལས་༢༠༡༥ ཚུན་ ལྟ་བཤལ་ལས་སྡེའི་ ལས་འབྲེལ་རྩིས་ཞིབ་ འགོ་འདྲེན་འཐབ་ཡོད་མི་དེ་ཡང་ སྤྱི་ལོ་༢༠༡༥ ཟླ་༡༢ པའི་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ ཞུ་བ་འབད་མི་དང་འཁྲིལ་ཏེ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *